འདས་པའི་ཆུ་ཚོད་༥༠ འི་ནང་འཁོད་ལུ་ མི་སྡེའི་ནང་ལས་ ནད་ཡམས་ཐོབ་མི་མེདཔ།

༉ འདས་པའི་ཆུ་ཚོད་༥༠ འི་ནང་འཁོད་ལུ་ མི་སྡེ་དང་ ཚ་རིམས་བརྟག་དཔྱད་ལྟེ་བ་ཚུ་ནང་ལས་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ ཕུད་རྡོག་༡ ཡང་ མ་ཐོནམ་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༢༩ དང་༣༠ ལུ་ ནད་ཡམས་བདའ་ཟུན་མི་ཚུ་ག་ར་ ཧེ་མ་ ཐོབ་མི་ཚུ་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཚུ་ཨིན་པས།

ཁ་ཙ་ དུས་ཡུན་ ཆུ་ཚོད་༢༤ གི་ སྙན་ཞུ་འབད་བའི་སྐབས་ མི་༡༥ ལུ་ ཐོབ་ཡོད་པའི་ གསལ་སྟོན་འབད་མིའི་གྲས་ལས་ གཅིག་ རྒྱ་གར་ལས་ ལོག་འོང་མི་ འབྲུག་མི་ ཟུར་བཞག་མཐུན་རྐྱེན་ནང་ སྡོད་མི་ཨིན་རུང་ གཞན་མི་ཚུ་ག་ར་ ཧེ་མ་ལས་ ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་ཚུ་ཨིན་པས།

དེ་ཡང་ རྒྱལ་ཡོངས་ལས་བྱེད་ཚོགས་ཆུང་གིས་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ཐེངས་༢ པ་ འགོ་འདྲེན་འཐབ་མི་དེ་ གིས་ ནད་ཡམས་དར་ཁྱབ་འགྱོ་ནི་ལས་ བཀག་འཛིན་འབད་ནི་ལུ་ ཕན་ཐོགས་བྱུང་ཡོད་པའི་ སྒྲུབ་བྱེད་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༡༩ ལུ་ ཐིམ་ཕུག་གི་ ཚ་རིམས་བརྟག་དཔྱད་ལྟེ་བ་ནང་ལས་ ནད་ཡམས་ཐོབ་མི་ཚུ་ བདའ་ཟུན་པའི་ཤུལ་ ལུ་ དེ་གི་ནངས་པར་ དྲོ་པ་ལས་འགོ་བཙུགས་ རྒྱལ་ས་ལྟེ་བ་ལུ་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་ཨིན་པས།

གསོ་བ་ལྷན་ཁག་གི་ གྲོས་སྟོན་ཁྲི་འཛིན་ ཌོག་ཊར་སྲིད་མཐར་རྡོ་རྗེ་གིས་ ནདཔ་དང་པ་ བདའ་ཟུན་པའི་ཤུལ་ལས་ ཉིནམ་༣ གྱི་ནང་འཁོད་ལུ་ མི་སྡེའི་ནང་ལས་ ནད་འབུབ་ཐོབ་མི་ལེ་ཤ་ བདའ་ཟུན་མི་དེ་གིས་ མི་སྡེའི་ནང་ ནད་འབུབ་དར་ཁྱབ་སོང་བའི་ རྟགས་མཚན་སྟོནམ་མས་ཟེར་ ཨིན་པས།

ཁོ་གིས་སླབ་མིའི་ནང་ བྱ་ཐབས་མེད་པར་ ནད་འབུབ་བཀག་འབད་ནིའི་དོན་ལུ་ ཐབས་ཤེས་མཇུག་ཅིག་སྦེ་ འགྲོ་འགྲུལ་བཀག་དམ་ འགོ་བཙུགས་དགོཔ་བྱུང་ཡི་ཟེར་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༧ ལས་༢༠བར་ནའི་ ཉེན་ཁ་ཅན་གྱི་ དུས་ཚོད་དེ་ནང་ མི་གྲངས་༡༠༠,༠༠༠ ལྷགཔ་ཅིག་གིས་ རྒྱལ་ས་ལྟེ་བ་ལས་ རྫོང་ཁག་༡༩ ནང་ སོང་ཡོད་མི་དེ་ སྤྱིར་སྙོམས་ལུ་ ཐིམ་ཕུག་ལས་ཕྱི་ཁར་ མི་གྲངས་༧,༠༠༠དེ་ཅིག་ སོང་ནུག་ཟེར་ཨིན་པས།

ང་བཅས་ཀྱིས་ འགྲོ་འགྲུལ་བཀག་དམ་ ཕྱི་སོ་པ་ཅིན་ ནད་འབུབ་དེ་གིས་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཁ་ལས་ཕར་ དར་ཁྱབ་འགྱོ་འགྱོཝ་འོང་ཟེར་ ཁོ་གིས་བཤད་པའི་ཁར་ འགྲོ་འགྲུལ་བཀག་དམ་དེ་ ཐབས་མེད་པར་ འབད་དགོཔ་བྱུང་ཡི་ཟེར་བཤད་ཅི།

རྒྱལ་ས་ལྟེ་བ་ལུ་ འགྲོ་འགྲུལ་བཀག་དམ་འབད་དེ་ ཉིནམ་༡༠ལངམ་ད་ གསོ་བའི་མཁས་མཆོག་ཚུ་གིས་ ནད་འབུབ་དེ་ དར་ཁྱབ་སོང་ཡོད་པའི་གནས་ཚད་ ཧ་ལམ་ཅིག་ ཧ་གོ་ཡི་ཟེར་ ཁོ་གིས་བཤད་ཅི།

ཐིམ་ཕུག་ལུ་ མི་༨,༠༠༠དེ་ཅིག་ལུ་ བརྟག་དཔྱད་འབད་བའི་སྐབས་ མི་༡༨ ལུ་ ནད་འབུབ་ཐོབ་ཡོདཔ་སྦེ་ བདའ་ཟུན་པའི་སྐབས་ ཚ་གྱང་ལང་ཡོད་རུང་ དར་ཁྱབ་དེ་ཅིག་ར་ མ་འགྱོཝ་ཨིནམ་ ཤེས་ཚུགས་ཡི་ཟེར་ཨིན་པས།

ཕྲ་འབུབ་མཁས་མཆོག་གིས་ སླབ་མིའི་ནང་ མི་སྡེའི་ནང་ བརྟག་དཔྱད་འབད་བའི་ཤུལ་ལས་ གསོ་བ་ལྷན་ཁག་གིས་ དོན་སྨིན་ཅན་གྱི་ ཐབས་ཤེས་དེ་ བཏོན་ཡི་ཟེར་ཨིན་པས།

དུས་ཚོད་འ་ནེམ་ཅིག་ཁར་ ནད་ཡམས་ཀྱི་གདོང་ལན་ལུ་ གདོང་གཟང་སྟེ་ལཱ་འབད་མི་ མི་མང་སྐྱེལ་འདྲེན་གྱི་ དེད་གཡོགཔ་ཚུ་ཡང་ བརྟག་དཔྱད་འབད་ཡོདཔ་ད་ ནད་འབུབ་སྤེལ་ནིའི་ཉེན་ཁ་ཡོད་མི་ ཕུན་ཚོགས་གླིང་གི་ དོ་ཕབ་བཀལ་འབད་ས་དང་ འཛུལ་སྒོ་ནང་ལཱ་འབད་མི་ཚུ་ཡང་ བརྟག་དཔྱད་འབད་བའི་སྐབས་ ནད་ཡམས་མ་ཐོབ་སྦེ་ ཐོན་ཡོདཔ་ཨིན་པས།

ད་ལྟོ་ཡང་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ བརྟག་དཔྱད་ཚུ་ འཕྲོ་མཐུད་དེ་ར་ འབད་བཞིན་དུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *