འདམ་ཆུ་ལས་ ཆུ་ཁ་ཁ་ཐུག་ལུ་ ཀི་ལོ་མི་ཊར་༨.༤༥ དེ་ཅིག་གི་ས་གནས་ རྟ་ནག་ལུང་ཆུ་གུ་ལས་ རྐྱབ་པའི་བསྒང་ཡོད་མི་ རྩི་སའི་ཟམ།

འདམ་ཆུ་དང་ ཆུ་ཁའི་ཕྲང་ལམ་ མཐུད་ནི་ལུ་ མི་ཊར་༡༢ རྐྱངམ་གཅིག་ལུས་ཡོདཔ།

༉ འདམ་ཆུ་དང་ ཆུ་ཁའི་ཕྲང་ལམ་བདའ་སྟེ་ རྟ་ནག་ལུང་ཆུ་གུ་ལས་ རིང་ཚད་མི་ཊར་༡༤༥ འབད་མི་ཟམ་དེ་ མཐུད་ནིའི་དོན་ལུ་ མི་ཊར་༡༢ རྐྱངམ་གཅིག་ལུས་ཡོདཔ་བཞིན་དུ་ ཟམ་རྐྱབ་ཚར་བའི་བསྒང་ལས་ ཕྲང་ལམ་དེ་མཐུད་ནི་ཨིན་པས།
ཌཱན་ཊག་ལས་འགུལ་གྱིས་ འདམ་ཆུ་ལས་ ཆུ་ཁ་ཁ་ཐུག་ལུ་ ཀི་ལོ་མི་ཊར་༨.༤༥ དེ་ཅིག་གི་ས་ཁར་ རྐྱབ་པའི་བསྒང་ཡོད་མི་ ཟམ་དེ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་བར་ན་ རྒྱལ་ཡོངས་གཞུང་ལམ་གལ་གནད་ཅན་ཅིག་ཨིན་པའི་ཁར་ ཟམ་༣ ཡོད་མིའི་གྲས་ལས་ མཇུག་ཨིནམ་ད་ ཤུལ་མའི་ཟླ་མཇུག་བསྡུ་ཁམས་ལས་ མཇུག་བསྡུ་ནི་གི་ འཆར་གཞི་ཡོད་མི་ ཟམ་དེ་ བསྒྲུབས་པའི་ཤུལ་ལས་ ཀི་ལོ་མི་ཊར་༢༩.༢ འབད་མི་ ཕྲང་ལམ་དེ་ སེལ་ཚར་ནི་ཨིན་པས།
ཌཱན་ཊག་ལས་འགུལ་གྱི་ བཟོ་རིག་འགོ་དཔོན་འོགམ་ པ་ཝཱན་ཀུ་མར་གྱིས་ སླབ་མིའི་ནང་ མི་ཊར་༡༢ འབད་མི་ ཟམ་གྱི་རིང་ཚད་དེ་ ད་རེས་ཀྱི་ ཟླ་མཇུག་ལུ་ བཟོ་སྐྲུན་འབད་ཚར་ནི་ཨིན་རུང་ རྒྱ་གར་གྱི་ལས་མི་༣༠ དེ་ཅིག་ ནུབ་བེང་གཱལ་གྱི་ པཱན་ཅ་ཡཱཏ་ཟེར་མི་ ས་གནས་གཞུང་གི་ ཚོགས་རྒྱན་བཙུགས་པར་ སོང་ཡོདཔ་ལས་ ཕྱིས་སོ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ ས་ཁོངས་ནང་ ལས་མི་༤༠ རྐྱངམ་གཅིག་ལུས་ཡོད་ཟེར་ཨིནམ་ད་ ཟམ་བཟོ་སྐྲུན་གྱི་ ལཱ་བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་ཡོདཔ་མ་ཚད་ ལཱ་ཚུ་ ཚ་ངེར་བཏོན་ཏེ་འབད་དོ་ཡོདཔ་ལས་ གནམ་གཤིས་གནས་སྟངས་ ལེགས་ཤོམ་སྦེ་ སྡོད་པ་ཅིན་ སྤྱི་ཟླ་༦ པ་མཇུག་བསྡུ་ཁམས་ལས་ བསྒྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
པ་ཝཱན་ཀུ་མར་གྱིས་ སླབ་མིའི་ནང་ ཟམ་བཟོ་སྐྲུན་གྱི་ ས་ཁོངས་བརྒྱུད་དེ་ གཞན་འབྲེལ་བ་ཡོད་པའི་ལཱ་ཚུ་ མཇུག་བསྡུ་དོ་ཟེར་ཨིན་པས།
འདམ་ཆུ་ལས་ ཆུ་ཁ་ཐུག་ལུ་ ཀི་ལོ་མི་ཊར་༡༡.༧༠ དེ་ཅིག་གི་ས་ཁར་ རིང་ཚད་མི་ཊར་༧༥ འབད་མི་ རྒྱང་ཐང་ལུངམ་ཆུ་ཟམ་དེ་ཡང་ མཇུག་བསྡུ་ཡོདཔ་ད་ བསིལ་རབ་ཆུ་ཟམ་དེ་ ཟམ་ཚུ་གི་གྲལ་ལས་ འགོ་དང་པ་ མཇུག་བསྡུ་ཡོདཔ་ཨིན་པས།
ཆུ་ཁའི་ཧོངས་ལས་ མི་ཊར་༩༠༠ འབད་མི་ བྱག་སྐེད་པ་བཏོག་ནིའི་ལཱ་ཚུ་ སྤྱི་ལོ་༢༠༡༧ ཟླ་༨ པའི་ནང་ མཇུག་བསྡུ་ཡོདཔ་ཨིན་པས།
རིང་ཚད་ཀི་ལོ་མི་ཊར་༢༩.༢ འབད་མི་ འདམ་ཆུ་དང་ ཆུ་ཁའི་ཕྲང་ལམ་སེལ་ནི་དེ་ སྤྱི་ལོ་༢༠༡༠ ཟླ་༣ པའི་ཚེས་༡༩ ལུ་ འགོ་བཙུགས་ཡོད་རུང་ མཇུག་བསྡུའི་དུས་ཚོད་ལན་ཐེངས་༤ ཡར་སེང་འབད་དགོཔ་ བྱུང་ཡོདཔ་ད་ ལམ་སེལ་ཚར་བའི་བསྒང་ལས་ ཐིམ་ཕུག་དང་ཕུན་ཚོགས་གླིང་གི་བར་ན་ གཞུང་ལམ་ཀི་ལོ་མི་ཊར་༡༩.༥ ཐུང་ཀུ་འགྱོ་ནི་དང་ རྒྱུན་འགྲུལ་གྱི་དུས་ཡུན་ཡང་ ཆུ་ཚོད་༡ ལྷགཔ་ཅིག་ མར་འབབ་འགྱོ་ནི་ཨིན་པས།
སྤྱི་ལོ་༢༠༡༧ ཟླ་༨ པ་ཚུན་ཚོད་ ཕྲང་ལམ་གྱི་ ལས་འགུལ་དེ་ལུ་ དངུལ་ཀྲམ་ས་ཡ་༢༨༠༣.༤ ཟད་འགྲོ་གནས་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་མདོ་ཆེན་ བསྟན་འཛིན་གྱིས་ སླབ་མིའི་ནང་ མ་གཞི་ ཕྲང་ལམ་དེ་ འབྲུག་གི་རྒྱལ་ཡོངས་གཞུང་ལམ་ཨིན་རུང་ བཟོ་སྐྲུན་གྱི་ འགན་ཁུར་ཆ་མཉམ་ ཌཱན་ཊག་ལས་འགུལ་གྱིས་ འབག་ཐོག་ལས་ འབད་ཡོད་ཟེར་ཨིན་པས།
མདོ་ཆེན་གྱིས་འབད་བ་ཅིན་ ད་ལྟོ་ གཏན་འཁེལ་མེད་རུང་ ཕྲང་ལམ་དེ་ སྤྱི་ཟླ་༧ པ་དང་༨ པའི་ནང་ འགོ་འབྱེད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
འདམ་ཆུ་དང་ ཆུ་ཁའི་ཕྲང་ལམ་དེ་ འབྲུག་དང་རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་ ལས་སྣ་ཅིག་སྦེ་ འཆར་བཀོད་འབད་དེ་ཡོདཔ་ད་ ད་ལྟོ་ དུས་ཚོད་ཚུ་ གཏན་འཁེལ་ མ་འགྱོ་བར་ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *