གསོ་བ་བློན་པོ་དང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ འཐུས་མེད་པའི་མཐའ་སྐྱོང་ལཱ་གི་རྩིས་ཐོག་ བརྟག་ཞིབ་སྙན་ཞུ་ གསར་བཏོན་འབད་བའི་བསྒང་།

འཐུས་མེད་པའི་ མཐའ་སྐྱོང་ལཱ་གི་རྩིས་ཐོག་ བརྟག་ཞིབ་སྙན་ཞུ་ གསར་བཏོན་འབད་ཡོདཔ།

༉ རྒྱལ་ཁབ་ནང་ ཨམ་སྲུ་བརྒྱ་ཆ་༧༡ དེ་ཅིག་གིས་ འཐུས་མེད་པའི་མཐའ་སྐྱོང་གི་ལཱ་འབད་མི་དེ་ ཕོ་སྐྱེས་དང་ཕྱདཔ་ད་ ཚར་༢.༣(དུས་ཡུན་སྐར་མ་༢༡༨) དེ་ཅིག་རྩིས་ མཐོ་སུ་འབད་མི་དེ་ཡང་ ཕོ་སྐྱེས་ཀྱིས་ དུས་ཡུན་སྐར་མ་༨༧ ལས་བརྒལ་ ལཱ་མ་འབད་མི་ལུ་བརྟེན་ཨིན་པས།
ཨིན་རུང་ འཐུས་ཐོབ་པའི་ མཐའ་སྐྱོང་གི་ལཱ་ནང་ ཨམ་སྲུ་དང་ཕྱདཔ་ད་ ཕོ་སྐྱེས་ཚུ་གིས་ ཚར་༢.༥ བརྩིས་ཏེ་ མང་སུ་འབད་དོ་ཡོདཔ་ཨིན་པས།
དེ་ཡང་ འཐུས་མེད་པའི་ མཐའ་སྐྱོང་ལཱ་གི་རྩིས་ཐོག་ བརྟག་ཞིབ་སྙན་ཞུ་དེ་ ད་རེས་ རྒྱལ་ཁབ་ནང་ འགོ་དང་པ་ གསར་བཏོན་འབད་མིའི་ནང་ བཀོད་ཡོདཔ་བཞིན་དུ་ སྙན་ཞུ་དེ་ ཁ་ཙ་ འཛམ་གླིང་ན་ཆུང་བུམོ་གི་ ཉིནམ་བརྩི་སྲུང་འབདཝ་དང་འབྲེལ་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ གསར་བཏོན་འབད་ཡི།
འཐུས་མེད་པའི་ མཐའ་སྐྱོང་ལཱ་དེ་ མི་སྡེ་ནང་ ཡར་སེང་སོང་མི་ལུ་བརྟེན་ མི་ཚུ་གིས་ འཚོ་བ་ཡུན་བརྟན་སྦེ་ སྐྱོང་ནི་ལུ་ ཚབས་ཆེན་ཅིག་སྦེ་ ངོས་འཛིན་འབད་ཡོད་པའི་ཁར་ སྲིད་བྱུས་བཟོ་མི་དང་ དཔལ་འབྱོར་མཁས་པ་ དེ་ལས་ རྒྱལ་ཡོངས་གནས་སྡུད་མཁས་པ་ མང་ཤོས་ཅིག་གིས་ གནད་དོན་དེ་ སྣང་མེད་སྦེ་བཞགཔ་ཨིན་པས།
འཐུས་མེད་པར་ མཐའ་སྐྱོང་ལཱ་འབད་མི་ཚུ་ ཡུན་རིངམོ་སྦེ་ སྣང་མེད་བཞག་པ་ཅིན་ དཔལ་འབྱོར་ལུ་ ཐོ་ཕོག་ནི་ཨིནམ་ད་ བརྟག་ཞིབ་དེ་ཡང་ འཐུས་མེད་པར་ མཐའ་སྐྱོང་གི་ལཱ་འབད་མི་ལུ་ བརྩི་མཐོང་བལྟ་ནི་དང་ མཐའ་སྐྱོང་ལཱ་འབད་མི་ལུ་ ཕོ་མོའི་ཁྱད་རིག་གི་གནས་སྟངས་ ཧ་གོ་ནི་ལུ་དམིགས་ཏེ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ འཐུས་མེད་པའི་ལཱ་ ཁྱིམ་ནང་ལྟོ་འབད་ནི་དང་ ཕྱགས་བདར་རྐྱབ་ནི་ ཨ་ལོ་ལྟ་སྐྱོང་འབད་ནི་ ནདཔ་བལྟ་ནི་ལ་སོགས་པ་ཚུ་ མང་ཤོས་ར་ ཨམ་སྲུ་ཚུ་གིས་ འབད་དེ་འདུག་ཟེར་ཨིན་པས།
ལས་སྣ་ཚུ་གི་གྲས་ལས་ ཕོ་སྐྱེས་དང་ ཨམ་སྲུ་༢ ཀྱིས་ དུས་ཚོད་མང་ཤོས་ར་ ལྟོ་འབད་ནིའི་ནང་ བྱིན་དོ་ཡོདཔ་ད་ ཨམ་སྲུ་ཚུ་གིས་ འཐུས་མེད་པའི་མཐའ་སྐྱོང་གི་ ཞབས་ཏོག་བྱིན་ནི་ནང་ ཕོ་སྐྱེས་དང་ཕྱདཔ་ད་ ཚར་༣ དེ་ཅིག་གིས་ མཐོ་སུ་སྦེ་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།
ཨིན་རུང་ ཨམ་སྲུ་ཚུ་གིས་ ཕོ་སྐྱེས་ལས་ ཚར་༣.༥ དེ་ཅིག་གི་རྩིས་ ལྟོ་འབད་དོ་ཡོདཔ་བཞིན་དུ་ ཁྱིམ་ནང་གི་ལཱ་ཚུ་ཡང་ འབད་དོ་ཡོད་པའི་ཁར་ རྒན་ཤོས་ཚུ་ཡང་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་ ལས་རིམ་འགོ་དཔོན་གོངམ་ ཚེ་དབང་ལྷ་མོ་གིས་ སྙན་ཞུ་གསར་བཏོན་འབད་བའི་སྐབས་ མོ་གིས་ སླབ་མིའི་ནང་ ཨམ་སྲུ་བརྒྱ་ཆ་༩༥ དེ་ཅིག་ བཟའ་ཚང་རྒྱུན་སྐྱོང་དང་ ལས་སྣ་འཛིན་སྐྱོང་འབད་ནི་ལུ་ འབྲེལ་འཛིན་འབད་དོ་ཡོད་པའི་ཁར་ ཕོ་སྐྱེས་བརྒྱ་ཆ་༦༡ རྐྱངམ་གཅིག་ལས་བརྒལ་ ལཱ་དེ་ལུ་ འབྲེལ་གཏོགས་མེདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ འཐུས་མེད་པའི་ མཐའ་སྐྱོང་ལཱ་ ཨ་ལོ་ཚུ་ལུ་ སྤུད་ཚད་ཅན་གྱི་ དུས་ཚོད་བྱིན་མི་གིས་ མི་སྡེ་ནང་ གཟུགས་ཁམས་སྒྲིང་སྒྲི་བཟོ་ནི་ལུ་ ལྷན་ཐབས་འབད་དོ་ཡོད་རུང་ ཁོ་རའི་ ཕན་བདེ་ལུ་ བར་ཆད་རྐྱབ་མས་ཟེར་ཨིན་པས།
སྙན་ཞུ་བསྡུ་ལེན་འབད་བའི་སྐབས་ ཨམ་སྲུ་བརྒྱ་ཆ་༣༣ དེ་ཅིག་གིས་ འཐུས་མ་ཐོབ་པའི་ མཐའ་སྐྱོང་ལཱ་གི་ཞབས་ཏོག་བྱིན་ཡོད་པའི་ཁར་ བརྒྱ་ཆ་༡༢ རྐྱངམ་གཅིག་གིས་ ཕོ་སྐྱེས་ཀྱིས་ ཞབས་ཏོག་ཚུ་ བྱིན་ཡོདཔ་སྦེ་ ཤེས་རྟོགས་བྱུང་ནུག།
ཚེ་དབང་ལྷ་མོ་གིས་ སླབ་མིའི་ནང་ ཨམ་སྲུ་ཚུ་གིས་ དུས་ཚོད་མང་ཤོས་ར་ གླ་འཐུས་མ་ཐོབ་པའི་ ཁྱིམ་ནང་གི་ལཱ་དང་ མཐའ་སྐྱོང་གི་ ལཱ་འབདཝ་མས་ཟེར་ཨིན་པས།
འཐུས་མེད་པར་ མཐའ་སྐྱོང་གི་ལཱ་གི་ རིན་གོང་ཡོངས་བསྡོམས་ཐད་ཁར་ དུས་ཚོད་ལག་ལེན་གནས་སྡུད་བརྟག་ཞིབ་༢༠༡༧ དང་འཁྲིལཝ་ད་ ཨམ་སྲུ་སྐྱེས་ལོ་༡༥ དང་ རྒན་ཤོས་ཚུ་གིས་ ཆུ་ཚོད་ས་ཡ་༣༡༠ དེ་ཅིག་ གླ་འཐུས་མེད་པའི་ ཁྱིམ་ནང་གི་ལཱ་དང་ མཐའ་སྐྱོང་གི་ ལཱ་འབད་དེ་ཡོད་པའི་ཁར་ སྐྱེས་ལོ་༡༥ དང་ རྒན་ཤོས་ཚུ་གིས་ ཆུ་ཚོད་ས་ཡ་༡༥༠ དེ་ཅིག་ལས་ ཁྱིམ་ནང་གི་ལཱ་དང་ མཐའ་སྐྱོང་གི་ལཱ་མི་འབད་བས་ཟེར་ སྙན་ཞུ་ནང་བཀོད་ནུག།
རྒྱལ་ཁབ་ནང་ ད་རེས་ ཨམ་སྲུ་ཚུ་གིས་ དངུལ་ཀྲམ་ས་ཡ་༢༣,༢༩༦ གནས་མི་ འཐུས་མེད་པའི་མཐའ་སྐྱོང་གི་ལཱ་དེ་ གལ་སྲིད་ དམིགས་བསལ་གྱི་ གླ་ཆ་གུ་ རྩིས་ཕབ་པ་ཅིན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་བརྒྱ་ཆ་༡༦ གི་རྩིས་ཨིན་པས།
བརྟག་ཞིབ་ནང་ སྲིད་བྱུས་དང་འབྲེལ་བའི་ གྲོས་འདེབས་འབད་མི་ཚུ་ཡང་ བརྟག་ཞིབ་ཚུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ མཉམ་འབྲེལ་འབད་ནི་དང་ གཞན་དང་མ་འདྲ་བའི་ གཙུག་སྡེ་དང་ སྲིད་བྱུས་གཞི་བཀོད་ དེ་ལས་ འཐུས་མེད་པར་ མཐའ་སྐྱོང་ལཱ་ནང་ ཕོ་མོ་འདྲ་མཉམ་གྱི་ ས་སྟོང་བསུབ་ནི་ལུ་ ལྷན་ཐབས་འབད་ནིའི་དོན་ལས་ ལས་མི་སྲིད་བྱུས་ལུ་ གྲོས་འདེབས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *