ལྷ་ཀྲུ།

འཐུས་མི་བགྲེསཔ་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་ནི།

༉ བཀྲིས་སྒང་ ཝམ་རོང་འདེམས་ཁོངས་ལས་ཨིན་མི་ ལྷ་ཀྲུ་གིས་ ཀླུ་མང་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་ནི་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་བཙག་འཐུ་དང་པའི་ནང་ བཙག་འཐུ་གྲུབ་སྟེ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་སྦེ་ ཕྱག་ཞུ་མི་ སྐྱེས་ལོ་༥༠ ལང་མི་ འདེམས་ངོ་དེ་ གཞི་འགྱམ་ཚུད་མི་གཙུག་སྡེ་ནང་ ཁྲིམས་བཟོཔ་སྦེ་ ཕྱག་ཞུ་ནིའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ང་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་ལུ་བརྟེན་ ཤེས་ཤེསཔ་མཐོང་མཐོངམ་ཅིག་ མི་དབང་མཆོག་དང་ རྒྱལ་ཁབ་ མི་སེར་ལུ་ ག་དེ་དྲག་དྲག་ ཕྱག་ཞུ་ནི་ཨིནམ་ད་ ད་རུང་ གོ་སྐབས་ཐོབ་པ་ཅིན་ གཞི་འགྱམ་སྒྲིང་སྒྲི་ཚུད་མི་གཙུག་སྡེ་ནང་ ཕྱག་ཞུ་ནི་དེ་ གོ་སྐབས་བཟང་པོ་ཅིག་ འོང་ནི་མས་ཟེར་ སླབ་ཨིན་པས།
ད་ལྟོ་ ཁོ་གིས་ མོང་སྒར་གླིང་མེད་ཐང་ལུ་ ཧ་ཟས་ཤིང་ལས་འགུལ་ནང་ མདོ་ཆེན་སྦེ་ ལཱ་འབད་དོ་ཡོདཔ་ཨིན་པས།
ཁོ་ལུ་ རྒྱ་གར་ལས་ ཚོང་འབྲེལ་བདག་སྐྱོང་གི་ མཐོ་རིམ་གོང་མའི་ཤེས་ཚད་དང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།
སྲིད་དོན་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ འབྲུག་སོ་ནམ་བཟོ་གྲྭ་དང་ འབྲུག་བརྒྱུད་འཕྲིན་ནང་ ལཱ་འབད་ཡོདཔ་མ་ཚད་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ནང་ འཛིན་སྐྱོང་པ་སྦེ་ ལོ་༧ དེ་ཅིག་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་དེ་ བསྐྱར་ཞིབ་ཀྱི་ཚོགས་ཁང་ཨིནམ་ལས་ ཁྲིམས་བཟོ་དང་ གཞུང་གི་འཆར་གཞི་ཚུ་ གྲུབ་ནི་ལུ་རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ མི་སྡེ་ནང་ ཞི་བདེ་དང་མཐུན་འབྲེལ་བཟོ་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིནམ་ད་ སྲིད་དོན་ནང་ལྷོདཔ་ད་ སྲིད་ལུ་བརྟེན་པའི་ མི་སྡེ་ནང་ བྱ་སྟབས་མ་བདེཝ་ཐོནམ་ལས་ ཚོགས་སྡེ་དེ་ སྲིད་དང་འབྲེལ་བ་མེད་པའི་ གཙུག་སྡེ་ཅིག་ཨིནམ་ལས་ བཙག་འཐུའི་བྱ་རིམ་ནང་ སྟབས་མ་བདེཝ་བཟོ་མི་ཚུ་ བསྐྱར་གསོ་འབད་ནི་ལུ་ གཙོ་བོར་བཏོན་འོང་ཟེར་ཨིན་པས།
ལོ་ངོ་༢༦ ལྷགཔ་ཅིག་ གོ་གནས་སོ་སོར་ནང་ ལཱ་འབད་མི་ལུ་བརྟེན་ ཁོ་གི་ཉམས་མྱོང་གིས་ ཁྲིམས་བཟོ་དང་བསྐྱར་ཞིབ་ཚུ་དང་འབྲེལ་བའི་ མི་སེར་ལུ་ ཕན་ཐོགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཧ་ཟས་ཤིང་ལས་འགུལ་ནང་ རྒྱལ་ཁབ་ཀྱི་ ས་གནས་ཁག་མང་ཤོས་ནང་ མི་སེར་ཚུ་དང་འབྲེལ་བ་འཐབ་སྟེ་ བསམ་ལན་ཚུ་བསྡུ་ནིའི་ གོ་སྐབས་ཐོབ་ནི་དེ་གིས་ མི་སེར་ལུ་ ཕན་ཐོགས་པའི་སྲིད་བྱུས་ལག་ལེན་འཐབ་ནི་ལུ་ ཕན་ཐོགས་ཚུགས་པའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *