འཐུང་ཆུའི་དཀའ་ངལ་ ནམ་བསལ་ཚུགས་ནི་སྨོ?

༉ མ་གཞི་ ཐིམ་ཕུག་ཁྲོམ་སྡེ་གིས་ མི་སྡེ་བརྡ་བརྒྱུད་ཐོག་ ཁྲོམ་གྱི་ས་ཁོངས་ནང་ སྡོད་མི་ཚུ་ལས་ བསམ་ལན་དང་ ཉོགས་བཤད་ཚུ་ བསྡུ་ལེན་འབད་ནི་དེ་ དུམ་གྲ་ཅིག་ ཕྱིས་སོ་རུང་ སེམས་ཤུགས་བསྐྱེད་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་མས།

མི་སྡེ་བརྡ་བརྒྱུད་ལག་ལེན་ཐོག་ལས་ རང་སོའི་ དཀའ་སྡུག་དང་ བསམ་ལན་ཚུ་ བརྗེ་སོར་འབད་བཅུག་ནིའི་དོན་ལུ་ ཁྲོམ་སྡེ་གིས་ སྤྱིར་བཏང་ མི་སྡེ་བརྡ་བརྒྱུད་གཞི་སྟེགས་ཅིག་ འགོ་བཙུགས་ཡོད་མི་དེ་གིས་ ཕན་ཐོགས་འབྱུང་ཚུགས་ནི་ཨིནམ་མ་ཚད་ གཞི་སྟེགས་དེ་ལུ་བརྟེན་ ཁྲོམ་ནང་སྡོད་མི་ཚུ་གི་ གཙོ་རིམ་ཚུ་ ཧ་གོ་ནི་ལུ་ཡང་ ཆ་རོགས་འབད་ཚུགས་ནི་ཨིན་མས།

ད་ལྟོ་བཟུམ་འབད་བ་ཅིན་ ཁྲོམ་སྡེ་ནང་ འཐུང་ཆུ་བཀྲམ་སྤེལ་མ་ལང་མི་དང་ ཕྱགས་སྙིགས་ཀྱིས་གང་མི་ ཆུ་གཡུར་བསུབས་མི་ ཆུ་དུང་ཚུ་ནང་ལས་ཆུ་འཛགས་ནི་ འཁོར་ལམ་བདའ་སྟེ་ ཧ་ཀ་ཧོ་ཀ་ཐོན་མི་ དེ་ལས་ སྣུམ་འཁོར་བཞག་སའི་ ས་ཁོངས་མ་ལང་པའི་ དཀའ་ངལ་སྣ་ཚོགས་ཐོན་ཏེ་འདུག།

འདི་བཟུམ་མའི་ གཞི་རྟེན་མཐུན་རྐྱེན་དང་འབྲེལ་བའི་ དཀའ་ངལ་ཚུ་ཐོན་པའི་ནམ་དུས་ལུ་ ཁྲོམ་སྡེ་གིས་ འཕྲལ་ཁམས་ཅིག་ཁར་ གསལ་བསྒྲགས་འབད་མིའི་ནང་ ཐིམ་ཁྲོམ་མཛེས་ཆ་དང་ལྡནམ་སྦེ་ བཟོ་ནིའི་དོན་ལུ་ ཁྲོམ་གྱི་ས་ཁོངས་ཚུ་ནང་ མེ་ཏོག་དང་ ཤིང་སྣ་ཚུ་ འཛུགས་སྐྱོང་འབད་དེ་ ཁྲོམ་མཛེས་ཆ་དང་ལྡནམ་སྦེ་ བཟོ་ནི་ཨིན་ཟེར་ཨིན་མས།

ད་ལྟོ་ མེ་ཏོག་བཙུགས་ནིའི་ཐད་ཁར་ དཀའ་ངལ་སྦོམ་ཅིག་མེནམ་ལས་ ཁྲོམ་སྡེ་གིས་ གཙོ་བོ་ར་ ཁྲོམ་ནང་སྡོད་མི་ཚུ་གི་དོན་ལུ་ ཉེ་བར་མཁོ་བའི་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་དང་ ཉམས་བཅོས་འབད་ནི་ལུ་ དམིགས་གཏད་བཟུང་དགོཔ་ཨིན།

དཔེ་འབད་བ་ཅིན་ འཐུང་ཆུ་མ་ལང་པའི་ ཡུན་རིང་གི་དཀའ་ངལ་དེ་ སེལ་ཐབས་འབད་བ་ཅིན་ མི་ཚུ་གིས་ ཁྲོམ་ནང་དགའ་ཏོག་ཏོ་སྦེ་ སྡོད་ཚུགས་ནི་དང་ དེ་བཟུམ་སྦེ་ ཁྲོམ་ནང་འཁོད་ཀྱི་ཆུ་གཡུར་ ཀི་ལོ་མི་ཊར་ལས་བཅད་དེ་ བསུབས་ཡོད་མི་ཚུ་ བསལ་ནིའི་དོན་ལུ་ ཁྲོམ་སྡེ་དང་ སྡོད་ཁྱིམ་པ་ཚུ་གིས་ མཉམ་རུབ་ཐོག་ལས་ ལཱ་འབད་དགོཔ་འདུག།

རྩིས་ཞིབ་དབང་འཛིན་གྱི་ ལཱ་ཤུལ་གྲུབ་འབྲས་སྙན་ཞུ་དང་འཁྲིལཝ་ད་ ཐིམ་ཕུག་ལུ་ མི་འབོར་བརྒྱ་ཆ་༡.༥༣ རྐྱངམ་གཅིག་གིས་ དུས་ཡུན་ཆུ་ཚོད་༡༡ ལས་༡༨ ཀྱི་རིང་ འཐུང་ཆུ་བཀྲམ་སྤེལ་ ཐོབ་སྤྱོད་འབད་ཚུགས་དོ་ཡོདཔ་ད་ བརྒྱ་ཆ་༢༩ གིས་ ཉིནམ་རེ་ལུ་ ཆུ་ཚོད་༢ མ་ལངམ་རེ་ འཐུང་ཆུ་ཐོབ་སྟེ་འདུག།

ཉིནམ་དག་པ་ཅིག་གི་ཧེ་མར་ སྤྱི་ཚོགས་ལྷན་བཞུགས་ནང་ སྙན་ཞུ་འདི་གི་ཐོག་ལུ་ གྲོས་བསྡུར་འབད་བའི་སྐབས་ དབང་འཛིན་གྱིས་ གྲོས་འདེབས་༡༥ འབད་མི་ལས་ ཁྲོམ་སྡེ་གིས་ གྲོས་འདེབས་༡ མ་གཏོགས་ ལག་ལེན་མ་འཐབ་མི་ལུ་བརྟེན་ ད་རེས་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ ཟད་འགྲོ་བཏང་བའི་མཐའ་མར་ འཐུང་ཆུ་བཀྲམ་སྤེལ་གྱི་ གྲུབ་འབྲས་དེ་ མཁར་འཁྱོལ་ཅན་སྦེ་ འབྱུང་མ་ཚུགས་པས།

སྤྱི་ཚོགས་ལུ་ སྙན་ཞུ་ཕུལ་མི་དང་འཁྲིལཝ་ད་ ད་ལྟོའི་འཆར་ལོ་ནང་ འཐུང་ཆུ་བཀྲམ་སྤེལ་ ལེགས་བཅོས་འབད་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡ ཟད་འགྲོ་བཏང་ནུག།

འཚོ་བའི་གནས་ཚད་ཀྱི་ སྙན་ཞུ་ནང་ ཁྱིམ་གུང་བརྒྱ་ཆ་༩༩.༥ གིས་ ལེགས་བཅོས་འབད་མི་ འཐུང་ཆུ་བཀྲམ་སྤེལ་ ཐོབ་ཡོད་པའི་ གསལ་སྟོན་འབད་རུང་ མི་འབོར་བརྒྱ་ཆ་༣༢.༩ གིས་ ད་ལྟོ་ཡང་ འཐུང་ཆུ་བཀྲམ་སྤེལ་ལུ་ གཙོ་རིམ་བཟུང་སྟེ་ ཚ་གྱང་ཡོད་ལུགས་ཚུ་ གསལ་བཤད་འབད་མི་ལུ་ལྟཝ་ད་ ཆ་བཞག་མ་ཚུགས་པའི་ སྙན་ཞུ་ཅིག་ཨིན་མས།

དེ་འབདཝ་ལས་ འཆར་གཞི་༡༢ པའི་ནང་ གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་ ལོག་སྟེ་ བཙག་འཐུ་འགྲུབ་པ་ཅིན་ ཁྱིམ་གུང་ཆ་མཉམ་ལུ་ དུས་ཡུན་ཆུ་ཚོད་༢༤ འི་རིང་ འཐུང་ཆུ་བཀྲམ་སྤེལ་འབད་ནི་ཨིན་ཟེར་ གཞུང་གིས་ ཁས་བླངས་འབད་ཡོད་རུང་ སྲིད་འབྲེལ་གྱི་ གནད་དོན་ཅིག་ཨིན་མས།

ཁྲོམ་གྱི་ས་ཁོངས་ནང་ མེ་ཏོག་དང་ ཤིང་སྣ་ཚུ་བཙུགས་ཏེ་ མཛེས་ཆ་དང་ལྡནམ་སྦེ་བཟོ་རུང་ མི་སེར་གྱི་མཐའ་དོན་ལུ་ ཉེན་སྲུང་ལྡན་པའི་འཐུང་ཆུ་ བཀྲམ་སྤེལ་འབད་མ་ཚུགས་མི་དེ་ ང་བཅས་རའི་ འཐུས་ཤོར་སྦོམ་ཤོས་ཅིག་ཨིན།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *