འཐུང་ཆུའི་དཀའ་ངལ་ལུ་བརྟེན་ གྲོང་མི་ཚུ་གི་བར་ན་ སྟབས་མ་བདེཝ་ཐོན་ཡོདཔ།

༉ དཀྱིལ་འཁོར་ཐང་རྒེད་འོག་ དུང་དཀར་གླིང་གཡུས་ཚན་དེ་ རྩི་རང་འགྲམ་ཕུག་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་རུང་ ས་གནས་མང་ཤོས་ཅིག་ནང་ འཐུང་ཆུའི་དཀའ་ངལ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ ཆོས་རྒྱལ་མོ་གིས་ སླབ་མིའི་ནང་ འདས་པའི་ལོ་༥ གི་ཧེ་མར་ འཐུང་ཆུའི་དཀའ་ངལ་མེད་པའི་ཁར་ འཐུང་ཆུ་འབོལ་དྲགས་སྦེ་ཡོདཔ་ལས་ ད་ལྟོ་བཟུམ་སྦེ་ གཅིག་གིས་གཅིག་ལུ་ འཐབ་འཛིང་འབད་དགོཔ་མ་བྱུང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ གནས་སྟངས་བསྒྱུར་བཅོས་སོང་ཡོད་མི་དེ་ཡང་ འཐུང་ཆུ་ལུ་བརྟེན་ གྲོང་གསེབ་མི་སེར་ཚུ་གི་བར་ན་ སྟབས་མ་བདེཝ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཆོས་རྒྱལ་མོ་གིས་ འདས་པའི་ལོ་༣ གྱི་རིང་ལུ་ འཐུང་ཆུའི་ཚོགས་པ་སྦེ་ ལཱ་འབད་ཡོདཔ་ད་ འཐུང་ཆུ་ལངམ་སྦེ་མེདཔ་ལས་ ཉིན་བསྟར་གྱི་ ལས་སྣ་དང་ ཚོང་འབྲེལ་འཐབ་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ལས་ གནད་དོན་དེ་ སེལ་དགོཔ་འདུག་ཟེར་ཨིན་པས།
འཐུང་ཆུའི་དཀའ་ངལ་དེ་ ཟླཝ་༡ གི་ནང་འཁོད་ལུ་ སེལ་མི་ཚུགས་ནི་བཟུམ་ཡོདཔ་ད་ ས་གནས་ཀྱི་ མི་༢༩ དེ་ཅིག་གིས་ འདས་པའི་བདུན་ཕྲག་ནང་ ཆུའི་རྐ་བསལ་ཡོདཔ་ཨིན་པས།
ད་རེས་ འཐུང་ཆུའི་དཀའ་ངལ་ལུ་བརྟེན་ སྤྱི་ལོ་༢༠༡༣ ལུ་ གཞི་བཙུགས་འབད་མི་ དགའ་སྐྱིད་ཚོད་བསྲེ་སྡེ་ཚན་ལུ་ ཐོ་སྦོམ་སྦེ་ར་ ཕོག་སྟེ་ཡོད་པའི་ཁར་ ཐོན་སྐྱེད་ཚུ་ཡང་ མར་བབས་སོང་ཡི་ཟེར་ སྡེ་ཚན་གྱི་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།
མ་གཞི་ སོ་ནམ་ལྷན་ཁག་ལས་ རྒྱབ་སྐྱོར་ཚུ་ཐོབ་རུང་ ད་རུང་ འཐུང་ཆུའི་དཀའ་ངལ་ སེལ་ཐབས་འབད་ནི་གི་ དགོས་མཁོ་ཅན་ཅིག་ཡོད་ཟེར་ཨིནམ་ད་ ཆུ་མེད་པའི་བསྒང་ལས་ ག་ཅི་ཡང་ འབད་ཐབས་མིན་འདུག་ཟེར་ འཐུས་མི་ཅིག་གིས་ སླབ་བཤདཔ་ཨིན་པས།
གཡུས་ཁའི་མི་༣༠ དེ་ཅིག་ ཞལ་འཛོམས་འཚོགས་ཏེ་ འགན་འཁྲི་དང་ ཆུ་འཛིན་སྐྱོང་འཐབ་མི་དང་ གཡུར་བ་སེལ་མི་ལུ་ འཐུས་བྱིན་དགོ་པའི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་བཞིན་དུ་ ཆུ་སྲུངཔ་དེ་ལུ་ ལོ་རེ་ནང་ དངུལ་ཀྲམ་༡༢,༠༠༠ རེ་ བྱིན་ནི་སྦེ་ ཐག་བཅད་ནུག།
ས་གནས་ལས་ ཀུན་དགའ་ནོར་བུ་གིས་ སླབ་མིའི་ནང་ ད་ལྟོ་ ས་གོ་ནང་ བཟོ་སྐྲུན་གྱི་ ལཱ་གསརཔ་༡༢ དེ་ཅིག་ ཡུན་འགྱངས་སྦེ་ ལུས་ཏེ་ཡོདཔ་ལས་ དེ་ལུ་ ཆུ་ལེ་ཤ་དགོས་མཁོ་ཡོད་ཟེར་ཨིནམ་ད་ ས་གནས་ལས་ཕར་ མི་ཚུ་གིས་ གཞིས་བཅགས་ནི་གི་ ས་ཉོ་དོ་ཡོདཔ་ལས་ ཆུའི་དཀའ་ངལ་ ལྷག་པར་དུ་ འཐོན་ནི་མས་ཟེར་ཨིན་པས།
ཆུ་རྐ་དེ་ཡང་ ས་གནས་ལས་ ཀི་ལོ་མི་ཊར་༢ ས་ཁར་ཡོདཔ་ད་ འདས་པའི་ལོ་༣ གྱི་ནང་ གཡུས་སྒོ་དེ་ནང་ ཆུ་མ་ཆད་པར་ འོང་ནི་གི་ ལམ་ལུགས་ཅིག་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།
རྩི་རང་ཁྲོམ་སྡེ་གིས་ མ་འོངས་པ་ལུ་ དུང་དཀར་གླིང་གཡུས་ཚན་ནང་ འཐུང་ཆུ་བཀྲམ་སྤེལ་འབད་ནི་གི་ ལས་རིམ་ཡོདཔ་ད་ ད་ལྟོ་ ཁྲོམ་སྡེའི་ས་ཁོངས་ནང་ ཆུ་མ་ལང་པའི་ དཀའ་ངལ་མེདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *