འཐུང་ཆུ་ནང་ བཙོག་པ་ཞུགས་ཡོད་མི་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ཚར་ཡོདཔ།

༉ ཐིམ་ཕུག་ལྕང་སྒང་ཁ་དང་ མུ་ཏིག་ཐང་གི་ ས་གནས་ཚུ་ནང་ སྒྲིང་ཁྱིམ་༡༧ དེ་ཅིག་གི་ འཐུང་ཆུ་ནང་ བཙོག་པ་ཞུགས་ཡོད་མི་ཚུ་ ད་ལྟོ་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ཚར་ཡི་ཟེར་ ཐིམ་ཕུག་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ འཐུང་ཆུ་ཚུ་ སྤྱི་ཟླ་༣ པའི་ཚེས་༢༡ ལུ་ བཙོག་པ་ཞུགས་ནུག་ཟེར་ཨིན་པས།
སྒྲིང་ཁྱིམ་ཅིག་གི་ ཇོ་བདག་གིས་ སླབ་མིའི་ནང་ ཁྲོམ་སྡེ་ལུ་ ཉོགས་བཤད་བཀོད་པའི་ཤུལ་ལས་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ དེ་གི་ནངས་པར་ ས་གནས་ནང་ ཞིབ་དཔྱད་འབད་དེ་ འཐུང་ཆུའི་དཔེ་ཚད་ཚུ་ འབག་སོང་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ མུ་ཏིག་ཐང་གི་ཚོགས་པ་ལུ་ བཙོག་པ་ཞུགས་མི་ ཆུ་དུང་དེ་ནང་ལས་ ཆུ་འཐུང་མི་ ཁྱིམ་གུང་པ་གཞན་མི་ཚུ་ལུ་ཡང་ སྙན་ཞུ་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
དེ་དང་བསྟུན་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ཡང་ དེ་གི་ནངས་པར་ ཁྱིམ་གྱི་ཇོ་བདག་ཚུ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཁྲོམ་སྡེའི་ མུ་ཏིག་ཐང་གི་ཚོགས་པ་ རྡོ་རྗེ་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གིས་ འཐུང་ཆུ་བཙོག་པ་ཞུགས་ཡོད་པའི་སྐོར་ལས་ ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ཁར་ སྙན་ཞུ་ཐོབ་ཅི་ཟེར་ཨིན་པས།
མོ་གིས་ གནས་ཚུལ་དེ་ གོཝ་ཅིག་ར་ ཁང་ཚན་རེ་རེ་ནང་སོང་སྟེ་ བརྡ་སླབ་ནི་མ་ཁོམས་ལས་ ཁྱིམ་གྱི་ཇོ་བདག་ཚུ་ལུ་ ཉིནམ་དག་པ་ཅིག་ འཐུང་ཆུ་སྤྱོད་མ་གནང་ཟེར་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
སྒྲིང་ཁྱིམ་ཅིག་གི་ ཇོ་བདག་གིས་ སླབ་མི་དང་འཁྲིལཝ་ད་ ཁོ་གི་ཁྱིམ་ནང་གི་ འཐུང་ཆུ་དེ་ བཙོག་པ་ཞུགས་ཡོད་པའི་སྐོར་ལས་ མ་ཤེསཔ་མ་ཚད་ ཁོ་གི་ཁྱིམ་ནང་ ཁང་གླ་ཁར་སྡོད་མི་ དག་པ་ཅིག་ ནདཔ་ཐོན་ཏེ་ ད་ལྟོ་ཡང་ མ་དྲག་པར་ འདུག་ཟེར་ཨིན་པས།
རྡོ་རྗེ་སྒྲོལ་མ་གིས་འབད་བ་ཅིན་ ཁྱིམ་གྱི་ཇོ་བདག་ལ་ལོ་ཅིག་གིས་ གནས་ཚུལ་མ་ཐོབ་མི་དེ་ བདེན་ཟེར་ཨིནམ་ད་ དེ་ཡང་ མོ་གིས་ སྒྲིང་ཁྱིམ་ག་ར་ནང་ འགྱོ་མ་ཚུགསཔ་མ་ཚད་ ལ་ལོ་ཅིག་གིས་ སྒོ་ཕྱེ་མ་བཏུབ་ལས་ སྙན་ཞུ་འབད་མ་ཚུགས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སྒྲིང་ཁྱིམ་གྱི་ འཐུང་ཆུ་བཙོག་པ་ཞུགས་ཡོད་མི་ གཏན་འཁེལ་སྦེ་ ཤེས་ཚུགས་ནི་དེ་གིས་ རེ་རེ་བཞིན་དུ་ལུ་ སྙན་ཞུ་འབད་མ་ཚུགསཔ་མ་ཚད་ ཕྱི་རུ་གནམ་བསྲོ་ ཆརཔ་རྐྱབ་ནི་དེ་གིས་ སྒྲིང་ཁྱིམ་ག་ར་བཤལ་ཏེ་ སྙན་ཞུ་འབད་བར་ལྷོད་མ་ཚུགས་ཟེར་ ཚོགས་པ་གིས་ བཤད་ཅི།
ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ འཐུང་ཆུ་གི་ དཔེ་ཚད་འབག་མིའི་ གྲུབ་འབྲས་ལྟ་བའི་བསྒང་ལས་ འཐུང་ཆུ་ག་ར་ལུ་ བཙོག་པ་ཞུགས་ཡོད་པའི་ ངོས་འཛིན་བྱུང་ནུག།
འགོ་དཔོན་ཚུ་གིས་འབད་བ་ཅིན་ སྡེ་ཚན་བཟོ་ཞིནམ་ལས་ ས་གནས་ཀྱི་ ཆུ་མཛོད་ཚུ་ག་ར་ བཤལ་བཏང་ཡོདཔ་མ་ཚད་ བཙོག་ཆུ་བསལ་ནིའི་སྨན་ཚུ་ བླུགས་ཡི་ཟེར་ སླབ་ཡོད་རུང་ ཁྱིམ་གྱི་ཇོ་བདག་ཅིག་གིས་འབད་བ་ཅིན་ ཁོ་གི་ཆུ་མཛོད་དེ་ བཤལ་མ་བཏངམ་ལས་ སྨན་བླུགས་ནུག་ཟེར་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ཁྲོམ་སྡེ་གིས་ སྨན་བླུགས་ཚར་བའི་ཤུལ་ལུ་ ད་རུང་ ཆུ་གི་དཔེ་ཚད་འབག་འོང་སྟེ་ བརྟག་དཔྱད་འབད་བའི་སྐབས་ འཐུང་ཆུ་དེ་ ཉེན་སྲུང་དང་ལྡནམ་སྦེ་ཡོདཔ་ལས་ མི་སེར་ཚུ་གིས་ སྤྱོད་བཏུབ་པས་ཟེར་ཨིན་པས།
ཁྱིམ་གྱི་ཇོ་བདག་གཞན་ སྐལ་བཟང་གིས་འབད་བ་ཅིན་ མུ་ཏིག་ཐང་ཚོགས་པ་གིས་ ཁོ་ལུ་སྙན་ཞུ་ལྷོད་མི་དང་འཁྲིལ་ཏེ་ ཁོ་གི་ ཁང་གླ་ཁར་སྡོད་མི་ཚུ་ལུ་ཡང་ ཆུ་འཐུང་མ་ད་ཟེར་ ག་ར་ལུ་ སླབ་ཅི་ཟེར་ཨིན་པས།
སྐལ་བཟང་གིས་ འཐུང་ཆུ་བཙོག་པ་ཞུགས་ཡོདཔ་ཤེས་པའི་ཤུལ་ལུ་ འཐུང་ཆུ་ཉོ་སྟེ་ འཐུང་དོ་ཡོདཔ་མ་ཚད་ ཁོ་གི་ཁྱིམ་ནང་ ཁང་གླ་ཁར་སྡོད་མི་ཚུ་ཡང་ བཞེས་སྒོ་བཟོ་ནིའི་དོན་ལུ་ཡང་ ཆུ་ཉོ་ཡོདཔ་སྦེ་ ཤེས་ཅི་ཟེར་ཨིན་པས།
ཁྲོམ་སྡེ་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ས་གནས་ནང་ ཁག་འབགཔ་ཅིག་གིས་ སྣུམ་འཁོར་ལམ་ ལེགས་བཅོས་བཟོ་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ལས་ ས་བརྐོ་འཕྲུལ་ཆས་ཀྱིས་ ས་བརྐོ་བའི་སྐབས་ལུ་ ཆུ་དུང་བཏོགས་བཏང་ཡོདཔ་ལས་ དེ་ནང་ལས་ བཙོག་ཆུ་འཛུལ་ནུག་ཟེར་ཨིན་པས།
ཆུ་དུང་མེདཔ་བཏང་ཡོདཔ་སྦེ་ ཁག་འབགཔ་གིས་ ཁྲོམ་སྡེ་ཡིག་ཚང་ལུ་ སྙན་ཞུ་མ་ལྷོད་དེ་འབད་རུང་ ཁྱིམ་གྱི་ཇོ་བདག་ཚུ་གིས་ སྙན་ཞུ་འབདཝ་ད་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡོདཔ་སྦེ་ཨིན་པས།
ས་གནས་ཀྱི་ བཟོ་རིག་འགོ་དཔོན་ ཚེ་དབང་གིས་འབད་བ་ཅིན་ ས་གནས་ནང་ ཆུ་གཡུར་བཟོ་བའི་སྐབས་ ཆརཔ་རྐྱབ་སྟེ་ བཙོག་ཆུ་དང་ ཨ་བ་ཚུ་ག་ར་ ལམ་ཁར་ཐོན་འོང་ཡོདཔ་ལས་ ཁོང་གིས་ ལེགས་བཅོས་འབད་ཡི་ཟེར་ཨིན་པས།
ཨིན་རུང་ ས་བརྐོ་འཕྲུལ་ཆས་ཀྱིས་ ཆུ་དུང་མེདཔ་བཏང་ཡོདཔ་ མ་ཤེས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ཁོང་གིས་ མེདཔ་བཏང་ཡོདཔ་ཤེས་པ་ཅིན་ དེ་འཕྲོ་ལས་ བཅོ་ཁ་རྐྱབ་རྐྱབ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་དུང་མཐུད་སྦྲེལ་འབད་སར་ དོང་ཐོན་ཡོད་མིའི་ནང་ལས་ བཙོག་ཆུ་འཛུལ་འཛུལཝ་ མེན་ག་ཟེར་བའི་ དོགས་པ་ཡོད་ཟེར་ཨིན་པས།
ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁོང་རའི་ཁྱིམ་ནང་སྡོད་མི་ ཚུ་གི་ཉེན་སྲུང་གི་དོན་ལས་ ཆུ་མཛོད་ཚུ་ ལོ་གཅིག་ནང་ ཚར་གཉིས་དེ་ཅིག་ ཆུ་བཤལ་གཏང་སྟེ་ ཧིང་སངས་ས་བཟོ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ད་རེས་ འཐུང་ཆུ་བཙོག་པ་ཞུགས་ཡོད་པའི་ གནད་དོན་དེ་ལུ་བརྟེན་ ཁྲོམ་སྡེའི་འགོ་དཔོན་ཚུ་ ས་གནས་ནང་ ཆུ་དུང་འཁྱུ་བར་འགྱོ་བའི་སྐབས་ ཆུ་དུང་ལ་ལོ་ཅིག་ ད་ལྟོ་ཚུན་ཚོད་ཀྱི་རིང་ ཚར་གཅིག་ཡང་ མ་འཁྱུ་མི་འདུག་ཟེར་ཨིན་པས།
སྒྲིང་ཁྱིམ་ཅིག་ནང་ ཁང་གླ་ཁར་སྡོད་མི་ཅིག་གིས་ ཁོ་གི་ཁྱིམ་ནང་གི་ཆུ་དེ་ དྲིམ་མནམ་དོ་ཡོདཔ་ལས་ ཁོ་གིས་ ཆུ་བསྐོལ་རུང་ ད་རུང་ དྲིམ་མནམ་མ་ཚད་ ཆུ་གི་བཀྱག་དེ་ཡང་ མ་འདྲཝ་སྦེ་ཡོད་པའི་ཤུལ་ལུ་ བཙོན་པ་ཞུགས་ཡོདཔ་སྦེ་ བདའ་ཟུན་ནུག།
སྒྲིང་ཁྱིམ་སོ་སོར་ཅིག་ནང་ སྡོད་མི་ཅིག་གིས་འབདབ་ཅིན་ ཁྲོམ་སྡེ་གི་ཁ་ཐུག་ལས་ ཆུ་མཛོད་ཚུ་ ཆུ་འཁྱུ་ཡོདཔ་སྦེ་ སླབ་ཡོད་རུང་ ཁྱིམ་ནང་ ཨ་ལོ་ཆུང་ཀུ་དང་ རྒན་རྒས་ཡོད་ནི་དེ་གིས་ བློ་མ་བདེ་བར་ ད་ལྟོ་ཡང་ འཐུང་ཆུ་དང་ བཞེས་སྒོ་བཟོ་ནིའི་དོན་ལུ་ ཆུ་ཉོ་སྟེ་ར་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ས་བརྐོ་འཕྲུལ་ཆས་བཏང་མི་ཚུ་གིས་ གོང་འཕེལ་གྱི་ལཱ་ཚུ་འབད་བའི་སྐབས་ ས་འོག་ལུ་ ཆུ་དུང་དང་ གློག་ཐག་ དེ་ལས་ བརྒྱུད་འཕྲིན་གྱི་ཐགཔ་ཚུ་ ཡོདཔ་ཧ་གོ་ཞིནམ་ལས་ དྲན་པ་བཏོན་ཏེ་ ལཱ་འབད་དགོཔ་ཁག་ཆེ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *