འཐབ་འཛིང་ནང་ གྲལ་གཏོགས་འབད་མི་༣ ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༉ སྤུ་ན་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ འཐབ་འཛིང་ནང་ འབྲེལ་བ་ཡོད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༡ དང་ གཞན་༢ ལུ་ ཟླཝ་གསུམ་རེ་ བཀལ་ཡོདཔ་ཨིན་པས།
སྐྱེས་ལོ་༣༠ ལང་མི་ ཉེས་འཛུགས་ཅན་ འཕྲིན་ལས་རྒྱལ་མཚན་གྱིས་ ཁོ་དང་གཅིག་ཁར་ འཐབ་འཛིང་འབད་མི་ ཉམས་རྒུདཔ་རཱན་བྷ་དུར་ཇོ་གི་གི་ ལགཔ་གཡོན་པར་ གྱི་བླུགས་བྱིན་ཏེ་ རྨ་སྐྱོན་ཚབས་ཆེན་བཏོན་ཡོད་མི་ལུ་བརྟེན་ ཉེས་ཕྲའི་ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
བཙོན་ཁྲིམས་ལོ་༡ ཕོག་མི་ རྩོད་ཟླ་འཕྲིན་ལས་རྒྱལ་མཚན་དེ་ འཐབ་འཛིང་འབད་བའི་ཤུལ་ལས་ ཞག་༤ དོ་དམ་ནང་ བཞག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཉེས་ཅན་དང་གཅིག་ཁར་ འཐབ་འཛིང་འབད་མི་ ཀར་ན་བྷ་དུར་མོང་ག་དང་ རཱན་བྷ་དུར་ཇོ་གི་གཉིས་ཀྱིས་ ཁ་བསྡོམས་ཏེ་ ཉེས་འཛུགས་ཅན་གྱི་ མགུ་ཏོ་དང་དཔྱལཝ་ དེ་ལས་ ཨོལ་ལྐོག་གུ་ རྨ་སྐྱོན་བྱུངཡོད་མི་དེ་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་༢༠༠༥ པའི་ དོན་ཚན་༨༤ པ་ལྟར་ ཁས་ལེན་འབད་ཡོདཔ་ལས་ བྱ་ངན་དེ་ལུ་ བཙོན་ཁྲིམས་ཟླཝ་༣ རེ་ བཀལ་ཡོདཔ་ད་ ཁོང་གཉིས་དོ་དམ་ནང་ ཞག་༡ བཞག་ཡོདཔ་ཨིན་པས།
བཙོན་ཁྲིམས་ཕོག་མི་༣ ཆ་ར་གིས་ བཙོན་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ནུག།
བྱ་ངན་དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༤ ལུ་ ལོད་སྦིས་ས་ལུ་ འཐབ་འཛིང་འབད་བའི་སྐབས་ ཉེས་ཅན་གྱིས་ ཉམས་རྒུདཔ་རཱན་བྷ་དུར་ཇོ་གིའི་ ལགཔ་གཡོན་པར་ གྱི་ཅུང་གིས་ བླུགས་བྱིན་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་ དྲག་ཤུགས་ཐོག་ལས་ ཉེན་ཚབས་ཀྱི་སྐབས་དོན་ལྟར་ ཉེས་ཁྲིམས་བཀལ་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ཞུ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་དེ་ ཉམས་རྒུད་པའི་ གནས་ཚང་པདྨ་གི་ ཚོང་ཁང་ནང་སྡོདཔ་ད་ ཀར་ན་བྷ་དུར་གྱིས་ ཁོ་དང་ པདྨ་ཨ་རོགས་དགའ་རོགས་ཨིན་ཟེར་ སླབ་པའི་ཤུལ་ལས་ འཐབ་འཛིང་བྱུང་སྟེ་ གྱི་གསོབ་ཡོདཔ་ ངེས་བདེན་ཨིན་ཟེར་ཞུ་ནུག།
གནད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་སྐབས་ གྱི་ལག་ལེན་འཐབ་ཡོད་པའི་ སྒྲུབ་བྱེད་ཐོན་ཡོདཔ་ལས་ ཉམས་རྒུད་པ་ལུ་ རྒུད་འཐུས་སྤྲོད་དགོཔ་ཨིན་རུང་ རྩ་ཕན་གྱི་བར་ན་ བདེ་སྒྲིག་འབད་ཡོདཔ་ལས་ སྤྲོད་མི་དགོ་ནི་ཨིན་པས།
ཀར་ན་བྷ་དུར་མོང་གར་དང་ རཱན་བྷ་དུར་ཇོ་གི་ ཁ་བསྡོམས་ཏེ་ འཕྲིན་ལས་རྒྱལ་མཚན་གྱི་ མིག་ཏོ་གཡོན་པ་དང་དཔྱལཝ་ དེ་ལས་ ཨོལ་ལྐོག་གུ་ རྨ་བཏོན་ཡོདཔ་ལས་ ཁོང་གཉིས་ལུ་ཡང་ ཉེས་ཁྲིམས་སྨིན་དགོཔ་སྦེ་ ཁྲིམས་འདུན་ལུ་ཞུ་ནུག།
ཀར་ན་བྷ་དུར་མོང་གར་གྱིས་ ཁོ་ར་ ཆང་གིས་འགྲངས་ཡོད་མི་ལུ་བརྟེན་ འཕྲིན་ལས་རྒྱལ་མཚན་དང་གཅིག་ཁར་ ཁ་ཤགས་བྱུང་ཡོདཔ་སྦེ་ བཤད་པའི་ཁར་ རཱན་བྷ་དུར་ཇོ་གི་གིས་ཡང་ ཁྲིམས་འདུན་ལུ་ འཕྲིན་ལས་རྒྱལ་མཚན་དང་ ཀར་ན་བྷ་དུར་མོང་གར་གཉིས་ འཐབ་འཛིང་འབདཝ་ད་ མནོ་བསམ་ལེགས་ཤོམ་བཏང་སྟེ་ ཁ་ཕྱེ་ནི་འབདཝ་ད་ འཕྲིན་ལས་རྒྱལ་མཚན་གྱིས་ མཛོག་བླུགས་བྱིན་ནི་དེ་གིས་ ཁོ་ཡང་ འཐབ་འཛིང་འབད་དགོཔ་ཐོན་ཡི་ཟེར་ ཞུ་ཡོདཔ་ཨིན་པས།
འཁྲུན་ཆོད་དེ་ སྤྱི་ཟླ་༧ པའི་ཚེས་༢ ལུ་ གནང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *