༉ རྫོང་ཁག་༢༠ ཆ་མཉམ་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་ འཐུས་མི་སྦེ་ དོ་འགྲན་འབད་ནི་གི་ རེ་བ་བསྐྱེད་མི་ ཨམ་སྲུ་༧ བརྩིས་ཏེ་ མི་གྲངས་༡༢༨ ཀྱིས་ བཙག་འཐུའི་བྱ་རིམ་སྐོར་ལས་ གྲོས་བསྡུར་ཞལ་འཛོམས་ཀྱི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་མི་ལུ་ བལྟ་བ་ཅིན་ བསྐྱར་ཞིབ་ཚོགས་ཁང་གི་ བཙག་འཐུ་༣ པའི་ནང་ དོ་འགྲན་འབད་མི་ ལེ་ཤ་འཐོན་ནི་བཟུམ་འདུག།
མ་གཞི་ སྤྲོ་བ་ཡོད་མི་ འདེམས་ངོ་ཚུ་གིས་ བཙག་འཐུ་ལྷན་ཚོགས་དང་ ཐོ་བཀོད་འབད་མི་དེ་ གྲོས་བསྡུར་ཞལ་འཛོམས་ཀྱི་དོན་ལུ་ རྐྱངམ་གཅིག་ཨིན་རུང་ སང་ཕོད་སྤྱི་ཟླ་༢ པ་ལས་འགོ་བཙུགས་ སྤྱི་ཟླ་༥ པ་ཚུན་ བཙག་འཐུའི་བྱ་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ འདེམས་ངོ་སྦེ་འཐོན་མི་ ག་དེམ་ཅིག་ འོང་ནི་ཨིན་ན་ ད་ལྟོ་ སླབ་མི་ཚུགས་ནི་ཨིན་མས།
དེ་གི་ནང་དོན་ཉིད་ལས་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་ནིའི་ གྲོས་བསྡུར་ལས་རིམ་ནང་ ཐོ་བཀོད་མ་འབད་མི་ རེ་འདོད་ཅན་གྱི་ མི་ངོ་དག་པ་ཅིག་ འོང་ནི་དང་ ཤུལ་མའི་བཙག་འཐུ་ནང་ ལོག་དོ་འགྲན་འབད་ནི་གི་ རེ་བ་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ད་ལྟོ་ ཐོ་བཀོད་མ་འབད་བར་ཡོདཔ་ལས་ འདེམས་ངོ་མངམ་ འཐོན་ནི་གི་ འོས་འབབ་སྦོམ་འདུག།
གྲོས་བསྡུར་ལས་རིམ་གྱི་དོན་ལུ་ ཐོ་བཀོད་འབད་མི་ རེ་བ་ཅན་གྱི་ འདེམས་ངོའི་གྱངས་ཁ་ མཐོ་ཤོས་ར་ དར་དཀར་ནང་རྫོང་ཁག་ནང་ལས་ མི་ངོ་༡༨ ཡོད་པའི་ཁར་ མོང་སྒར་རྫོང་ཁག་ལས་༡༣ དང་ རྩི་རང་ལས་༡༠ ཡོདཔ་བཞིན་དུ་ ཐོ་བཀོད་གྲུབ་མི་ཚུ་གི་ ཤེས་ཡོན་རྒྱབ་ཁུངས་ཚུ་ལུ་བལྟ་རུང་ མཐོ་རིམ་ཤེས་ཚད་ཀྱི་ ལག་ཁྱེར་འཆང་མི་༩༤ དང་ མཐོ་རིམ་ཤེས་གོང་མའི་(མཱསི་ཊར) ལག་ཁྱེར་འཆང་མི་༢༨ དེ་ལས་ གཙུག་ལག་བར་མའི་ (པོསི་གེ་རེ་ཇུཊ) ཤེས་ཚད་འཆང་མི་༥ པི་ཨེཆ་ཌིའི་ ལག་ཁྱེར་འཆང་མི་༡ ཡོད་མི་དེ་ ང་བཅས་རའི་ བསྐྱར་ཞིབ་ཚོགས་ཁང་ནང་ ལྕོགས་གྲུབ་ཅན་དང་ འཇོན་ཐངས་ཅན་གྱི་ འདེམས་ངོ་ཚུ་ བཙག་འཐུ་འགྲུབ་ནི་གི་ བརྡ་མཚོན་ཅིག་ཨིན་མས།
དེ་མ་ཚད་ འབྲུག་ལུ་ ཤེས་ཡོན་ཅན་གྱི་ མི་སྡེ་ཡར་སེང་དང་ འབྲུག་གི་དམངས་གཙོའི་རིང་ལུགས་ མདུན་ལམ་ལུ་ ཞུགས་དོ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་མས།
རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུ་ག་ཅི་ནང་འབད་རུང་ དོ་འགྲན་འབད་མི་ འདེམས་ངོ་ལེ་ཤ་འཐོན་པ་ཅིན་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ བཙག་འཐུ་མ་རན་པའི་ཧེ་མ་ ཁོང་གི་དོན་ལུ་ སྤྱི་ཚོགས་ནང་ ག་གིས་ ལྕོགས་གྲུབ་ཅན་སྦེ་ གྲལ་གཏོགས་འབད་ཚུགས་ནི་ཨིན་ན་ དབྱེ་དཔྱད་འབད་ཚུགས་ནི་ཨིན་མས།
དཔེར་ན་ ད་ལྟོ་ དར་དཀར་ནང་རྫོང་ཁག་གི་ རྒེད་འོག་༡༤ ལས་ དང་འདོད་ཅན་གྱི་ འདེམས་ངོ་༡༨ ཀྱིས་ ཞལ་འཛོམས་ཀྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ རྒེད་འོག་ལ་ལོ་ཅིག་ནང་ རྒེད་འོག་རེ་ལས་ འདེམས་ངོ་༤ དང་༥ གི་བར་ན་ ཐོན་ཡོདཔ་ལས་ རྒེད་འོག་གནས་རིམ་ནང་ལས་ མི་སེར་ཚུ་གིས་ ཕྱི་སེལ་ཐོག་ གདམ་འཐུ་འབད་ཚུགས་ནི་ཨིན་མས།
དེ་འབདཝ་ད་ ང་བཅས་ཀྱི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གང་རུང་གི་ འདེམས་ངོ་ཨིན་རུང་ ཕོ་མོའི་ལྕོགས་གྲུབ་དང་ འཇོན་ཐངས་ དྲང་སྤྱོད་ལུ་ མ་བལྟ་བར་ ངོ་ཤེས་འདྲིས་ཤེས་དང་ རང་གི་མི་ཨིན་ཟེར་ གདམ་འཐུ་འབད་ནི་དེ་ འཛོལ་བ་ཨིནམ་ལས་ རྒྱལ་ཡོངས་དང་ མི་སེར་གྱི་ མཐའ་དོན་ལུ་ མནོ་བསམ་གཏང་དགོཔ་དེ་ ག་ནི་བ་གལ་ཆེ།
ག་འཆརཔ་ཟེར་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་བཟུམ་ཅིག་ལུ་ ཆ་བཞག་པ་ཅིན་ ཚོགས་སྡེ་དེ་གིས་ རང་སོའི་ཁྲིབས་བཟོའི་བྱ་སྒོ་ཚུ་གིས་མ་ཚད་པར་ རྒྱལ་ཁབ་ཀྱི་ རང་བཙན་དང་བདེ་སྲུང་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ གནོད་ཉེན་ཡོད་པའི་སྐོར་ལས་ འབྲུག་རྒྱལ་པོ་མཆོག་དང་ བློན་ཆེན་ རྒྱལ་ཡོངས་ཚོགས་འདུ་ལུ་ སྙན་སྒྲོན་ཕུལ་དགོ་པའི་ གནད་དོན་ཚུ་གི་ བསྐྱར་ཞིབ་ཚོགས་ཁང་ཅིག་སྦེ་ དང་ལེན་བསྒྲུབ་དགོ་ནི་དེ་གིས་ འོས་འབབ་དང་ལྡན་པའི་ འདེམས་ངོ་ཚུ་ བཙག་འཐུ་འབད་དགོ།
ད་རེས་ བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་ བཙག་འཐུའི་གྲ་སྒྲིག་འབད་ནི་དོན་ལུ་ གྲོས་བསྡུར་ལས་རིམ་འགོ་འདྲེན་འཐབ་མི་དེ་ དུས་ཐོག་ལུ་ཨིན་མས་ཟེར་ ཞུ་ནི་ཨིན།
Check Also
སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།
༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …