འཇིགས་མེད་སེངྒེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁ་ནང་ འགོ་དང་པ་ གངས་གཟིག་མཐོང་ཡོདཔ།

འཇིགས་མེད་སེངྒེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁ་ནང་ འགོ་དང་པ་ གངས་གཟིག་ཡོད་པའི་ངོས་འཛིན་ ངེས་བརྟན་བྱུང་མི་དེ་ རྒྱལ་ཁབ་ཀྱི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་མི་དེ་ཡང་ གངས་གཟིག་དེ་ དཀོན་དྲགས་ཅན་གྱི་ རི་དྭགས་སེམས་ཅན་ཅིག་ འབད་ནི་དེ་གིས་ཨིན་པས།

ན་ཧིང་ སྤྱི་ཟླ་༡༠ པའི་ནང་ རྒྱལ་ཁབ་ནང་ རྒྱལ་སྤྱི་གངས་གཟིག་གི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ འགོ་དང་པ་རྒྱལ་ཁབ་ནང་ གངས་གཟིག་༩༦ ཡོད་པའི་ སྙན་ཞུ་འབད་ཡོདཔ་ད་ ད་རེས་ གླིང་ཁ་དང་ ད་རུང་ གངས་གཟིག་མཐོང་མི་ལུ་བརྟེན་ རྒྱལ་ཁབ་ནང་ གངས་གཟིག་གི་གྱངས་ཁ་ ཡར་སེང་འགྱོ་ནི་ཨིན་པས།

གངས་གཟིག་དེ་ འཇིགས་མེད་སེངྒེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁ་ནང་ གཅན་གཟན་སྟག་ ལྟ་རྟོག་འབད་ནིའི་དོན་ལུ་ པར་ཆས་༢ བཙུགས་བཞག་མིའི་ནང་ མཐོང་ཡོདཔ་ད་ ས་གོ་དེ་ནང་ པར་ཆས་བཙུགས་བཞག་སྟེ་ ཟླཝ་༢ དེ་ཅིག་ ལང་ནུག།

ལྷན་ཁག་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ གངས་གཟིག་གི་པར་དེ་ ཨར་གུ་རྩེ་ལ་ས་གནས་ནང་ ཐོབ་ཅི་ཟེར་ཨིནམ་ད་ ད་རེས་ གླིང་ཁ་དེ་ནང་ གངས་གཟིག་ཡོད་པའི་ངོས་འཛིན་ གཏན་འཁེལ་བྱུང་མི་དེ་ འགོ་དང་པ་ཨིནམ་ལས་ སྤྱིར་བཏང་འབྲུག་མི་ག་ར་དང་ དེའི་ནང་དོན་ཉིད་ལས་ སོ་ནམ་ལྷན་ཁག་གི་ཐད་ཁར་ སེམས་དགའ་དགོ་པའི་ གཞི་གནད་ཅིག་ལུ་གྱུར་སོ་ཡི་ཟེར་ གླིང་ཁའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།

ཁོང་གིས་འབད་བ་ཅིན་ ད་ལྟོ་ གླིང་ཁའི་འགོ་དཔོན་སྡེ་ཚན་ཚུ་གིས་ པར་ཆས་༢ ཆ་རའི་ནང་ཐོན་མི་པར་དེ་ གངས་གཟིག་གཅིགཔོ་དེ་ཨིན་ན་ ཡང་ཅིན་ སོ་སོར་ཨིན་ན་ ལྟ་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ཨིན་རུང་ ཁོང་ནགས་ཚལ་ནང་འབདཝ་ལས་ འགྲུལ་འཕྲིན་ཐོག་ལས་ འབྲེལ་བ་འཐབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།

དེ་འབདཝ་ལས་ གངས་གཟིག་དེའི་སྐོར་ལས་ ཁ་གསལ་གཞན་ གཟུགས་ཀྱི་ཚད་གཞི་དང་ ཕོ་མོའི་དབྱེ་བ་ དེ་ལས་ འཁྱམས་སའི་ ས་ཁོངས་ལ་སོགས་པ་ཚུ་ གཏན་འཁེལ་སྦེ་ སླབ་མི་ཚུགས་ནི་མས་ཟེར་ སོ་ནམ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

སྙན་ཞུ་དང་འཁྲིལ་བ་ཅིན་ མ་གཞི་ གངས་གཟིག་གི་ ལྟོ་ངོ་མ་ རི་དྭགས་གནའ་བ་དེ་ཨིན་རུང་ འཇིགས་མེད་སེངྒེ་དབང་ཕྱུག་གླིང་ཁ་ནང་ གནའ་བ་མེདཔ་ལས་ གངས་གཟིག་དེ་གིས་ གླ་ཅུངམ་ལུ་བརྟེན་སྡོད་དོ་ཡོདཔ་ འོང་ནི་མས་ཟེར་ཨིནམ་ད་ ཨིན་རུང་ ད་ལྟོ་ དེའི་སྐོར་ལས་ཡང་ ལྟ་ཞིབ་འབད་བའི་བསྒང་ཡོདཔ་ལས་ གནས་སྡུད་ཁ་གསལ་མེདཔ་ཨིན་པས།

ད་རེས་ གླིང་ཁའི་ས་ཁོངས་ནང་ གངས་གཟིག་ཡོདཔ་སྦེ་ གཏན་འཁེལ་སོང་མི་དེ་ རྒྱལ་ཁབ་ནང་ཡོད་པའི་ གངས་གཟིག་གི་གྱངས་ཁ་དེ་ འཛམ་གླིང་ཡོངས་ལུ་ སྙན་ཞུ་འབད་མི་དང་ ཁ་ཐུག་རྐྱབ་ནི་དེ་གིས་ ལེགས་ཤོམ་སོང་ཡོདཔ་ཨིན་པས།

གངས་གཟིག་དེ་ལུ་བརྟེན་ རི་དྭགས་སེམས་ཅན་གྱི་ མཁས་མཆོག་ཚུ་གིས་ གངས་གཟིག་དེའི་སྐོར་ལས་ ཞིབ་འཚོལ་འབད་ནིའི་ གོ་སྐབས་ཡོདཔ་ད་ དེ་ལུ་བརྟེན་ རྒྱལ་ཁབ་ཀྱི་མིང་གཏམ་ ལེགས་ཤོམ་འགྱོ་ནི་ཨིནམ་ཚད་ སྤྱིར་བཏང་འཛམ་གླིང་ནང་ གངས་གཟིག་གི་གྱངས་ཁ་ ཡར་སེང་འབད་ནི་ལུ་ གོ་སྐབས་ཡོདཔ་ཨིན་པས།

གངས་གཟིག་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༣,༤༠༤ དང་༥,༡༨༦ གི་ས་ཁོངས་ནང་ འཁྱམས་སྡོད་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ རྒྱལ་ཁབ་ནང་ གངས་གཟིག་༡༠༠ དང་༢༠༠ དེ་ཅིག་ཡོདཔ་འོང་ཟེར་ ཚོད་དཔག་འབད་མི་དེ་ ན་ཧིང་ གྱངས་ཁ་༩༦ ཡོདཔ་སྦེ་ གཏན་འཁེལ་སོང་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *