མི་སྟོབས་ཀྱི་ དགོས་མཁོ་ཡོད་མི་ འཇིགས་མེད་ཆོས་གླིང་གཞི་རྟེན་གསོ་བའི་ལྟེ་བ།

འཇིགས་མེད་ཆོས་གླིང་གཞི་རྟེན་གསོ་བའི་ལྟེ་བ་ལུ་ ཞབས་ཏོག་མཁོ་སྤྲོད་འབད་ནིའི་གདོང་ལེན།

༉ གསར་སྤང་རྫོང་ཁག་ འཇིགས་མེད་ཆོས་གླིང་གཞི་རྟེན་གསོ་བའི་ལྟེ་བ་དེ་ ལོ་༢ ལྷགཔ་ཅིག་གི་རིང་ ལས་བྱེདཔ་༢ ཀྱིས་ འཛིན་སྐྱོང་འཐབ་མི་ལུ་བརྟེན་ མི་སེར་ཚུ་ལུ་ མཁོ་གལ་ཆེ་བའི་ ཞབས་ཏོག་སྤྲོད་འབད་ནི་ལུ་ ལཱ་ཁག་བཏང་སྟེ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༨ ཚུན་ གཞི་རྟེན་གསོ་བའི་ལྟེ་བ་དེ་ནང་ གསོ་བའི་ལས་བྱེདཔ་༣ ཡོད་རུང་ འགོ་དཔོན་༡ ཆུ་གཟར་སྒང་གཞི་རྟེན་སྨན་ཁང་སྡེ་རིམ་དང་པ་ལས་ སྨན་ཁང་ལུ་ ཡར་སེང་འབདཝ་ད་ གནས་སོར་བཏང་ཡོདཔ་ཨིན་པས།

གསོ་བའི་ལས་རོགསཔ་ པདྨ་ཀུན་བཟང་གིས་ སླབ་མིའི་ནང་ སྤྱིར་བཏང་ ལྟེ་བ་ནང་ ཉིན་བསྟར་བཞིན་དུ་ ནད་གཞི་སོ་སོ་ལུ་བརྟེན་པའི་ ཉུང་ཤོས་མི་༢༥ དེ་རེ་ འོང་དོ་ཡོདཔ་ད་ རྒེད་འོག་ནང་ གཅིག་ལས་གཅིག་ལུ་ མ་འབུ་བའི་ ནད་གཞི་ཐོབ་མིའི་གྱངས་ཁ་ མངམ་ཡོདཔ་ལས་ བརྟག་དཔྱད་འབད་ནི་ལུ་ དུས་ཡུན་རིངམོ་སྦེ་ འགོརཝ་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གསོ་བའི་ལྟེ་བ་སྦེ་ མིང་བསྒྱུར་བཅོས་འབད་མི་དེ་གིས་ གསོ་བའི་མཐུན་རྐྱེན་ལུ་ ཁྱད་པར་ག་ནི་ཡང་ བཟོ་མ་ཚུགས་པར་ སྔར་ག་ཨིནམ་སྦེ་ར་ཡོད་ཟེར་ཨིན་པས།

པདྨ་ཀུན་བཟང་གིས་འབད་བ་ཅིན་ ལས་བྱེད་པའི་ གྱངས་ཁ་ལུ་ བསྒྱུར་བཅོས་མེདཔ་ལས་ སྨན་དང་ཅ་ཆས་ལེགས་བསྒྱུར་སོང་ཡོད་རུང་ ཞབས་ཏོག་མཁོ་སྤྲོད་འབད་ནི་དེ་ ཧེ་མ་བཟུམ་སྦེ་ར་ཡོད་ཟེར་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ད་ཚུན་ ལྟེ་བ་དེ་ནང་ འབུ་ནད་དང་འབྲེལ་བའི་ གནད་དོན་༤༠༠ དེ་ཅིག་ལྷོད་ཡོདཔ་བཞིན་དུ་ ནད་གཞི་གསརཔ་སྙན་ཞུ་འབདཝ་ད་ སྨན་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ རྒེད་འོག་བདག་སྐྱོང་བརྒྱུད་དེ་ ལས་བྱེདཔ་ཐེབས་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།

ལས་བྱེདཔ་༢ ལས་༡ མང་ཤོས་ཅིག་ གསོ་བའི་ལྟེ་བ་ནང་ སྡོད་དགོ་མི་དེ་ཡང་ གཞུང་འབྲེལ་ཞལ་འཛོམས་དང་ མི་མང་གསོ་བའི་བརྡ་སྤྲོད་ལས་རིམ་ནང་ བཅའ་མར་གཏོགས་དགོཔ་མི་ལུ་བརྟེན་ཨིན་པས།

གསོ་བའི་ལས་བྱེདཔ་ བསོད་ནམས་བཟང་མོ་གིས་ སླབ་མིའི་ནང་ མི་རློབས་དང་འཁྲིལཝ་ད་ སྤུས་ཚད་ཅན་གྱི་ ཞབས་ཏོག་སྤྲོད་ནིའི་དོན་ལུ་ ལྟེ་བའི་ནང་ ཉུང་ཤོས་ལས་བྱེདཔ་༣ གྱི་ དགོས་མཁོ་ཡོད་ཟེར་ཨིནམ་ད་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་ལུ་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ནདཔ་གཏང་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ བཤདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ ལས་བྱེདཔ་ལངམ་མེད་མི་ལུ་བརྟེན་ ལྟེ་བ་འཛིན་སྐྱོང་འཐབ་ནི་དང་ མི་ཚུ་གི་ རེ་བ་དང་འཁྲིལ་ ཞབས་ཏོག་སྤྲོད་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།

རྒེད་འོག་བདག་སྐྱོང་གིས་ ལས་བྱེདཔ་ཐེབས་དགོ་པའི་སྐོར་ལས་ གྲོས་བསྟུན་འབད་ཞིནམ་ལས་ འདས་པའི་ཟླཝ་ནང་འཚོགས་མི་ རྫོང་ཁག་ཚོགས་འདུ་ནང་ གནད་དོན་དེ་གི་སྐོར་ ཞུ་བ་འབད་ནུག།

ཨིན་རུང་ རྫོང་ཁག་འགོ་དཔོན་ཚུ་གིས་ གཞི་རྟེན་གསོ་བའི་ལྟེ་བ་ནང་ ལས་བྱེདཔ་༢ རྐྱངམ་གཅིག་ བྱིན་མི་དེ་ ལམ་ལུགས་དང་འཁྲིལ་ཏེ་ཨིན་ཟེར་ སླབ་ནུག།

འཇིགས་མེད་ཆོས་གླིང་རྒཔོ་ པེ་རེམ་ཀུ་མར་གུ་རུང་གིས་ སླབ་མིའི་ནང་ གསོ་བའི་ལྟེ་བ་དེ་ སྨན་ཁང་ལུ་ རྒྱ་སྐྱེད་འབད་བ་ཅིན་ རྒེད་འོག་གི་ ཌོག་ཊར་ཅིག་ འཐོབ་ནིའི་ ཁེ་ཕན་ཡོདཔ་བཞིན་དུ་ དེ་ནང་མི་རློབས་མངམ་ཡོད་པའི་ཁར་ སློབ་གྲྭ་དེ་ཡང་ འབྲིང་རིམ་སློབ་གྲྭ་བར་མ་གུ་ རྒྱ་སྐྱེད་འབད་ཡོདཔ་ལས་ མི་སེར་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་སྤྲོད་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ ལས་བྱེདཔ་ཅིག་ སྨན་ཁང་གི་ཕྱི་ཁར་ སྨན་བཅོས་བརྟག་དཔྱད་ནང་ འགྱོ་བའི་སྐབས་ ལས་བྱེདཔ་ཕུད་རྡོག་གཅིག་ལས་བརྒལ་ མི་ལུས་པས་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གསོ་བའི་ལྟེ་བ་ཅིག་ནང་ ལས་བྱེདཔ་དེམ་ཅིག་དགོ་ཟེར་མི་དེ་ མི་རློབས་དང་ ནད་པའི་གྱངས་ཁ་ལུ་བལྟ་སྟེ་ མེན་ཟེར་ཨིནམ་ད་ ནད་བརྟག་འབད་ནི་དེ་ཡང་ སྤྱི་ལོ་༢༠༡༨ ལས་ ལས་བྱེདཔ་ཅིག་ གནས་སོར་སོང་པའི་ཤུལ་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།

གསོ་བའི་ལྟེ་བ་ལ་ལོ་ཅིག་ནང་ ལས་བྱེདཔ་༣ རེ་དང་ ལ་ལོ་ཅིག་ནང་༤ ཡང་ཡོདཔ་ད་ རྒྱལ་ཁབ་ཀྱི་ གསོ་བའི་ལྟེ་བ་མང་ཤོས་ར་ གསོ་བའི་ལས་རོགསཔ་ཚུ་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ལས་ ཌོག་ཊར་གྱི་ ཐོབ་ལམ་མེད་ཟེར་ བཤདཔ་ཨིན་པས།

པདྨ་ཀུན་བཟང་གིས་ སླབ་མིའི་ནང་ ད་ལྟོ་ གསོ་བའི་མཐུན་རྐྱེན་ཚུ་ གསོ་བའི་ལས་རོགསཔ་གིས་ འཛིན་སྐྱོང་འཐབ་ཚུགས་ནི་ལས་ལྷགཔ་སྦེ་ ཡོད་པའི་ཁར་ མི་ཚུ་གིས་ཡང་ ཌོག་ཊར་དགོཔ་སྦེ་ སླབ་ཨིན་རུང་ ག་ཏེ་ལུ་ཡང་ དེ་སྦེ་ཡོདཔ་ལས་ དགོཔ་དང་མ་དགོ་པའི་སྐོར་ལས་ སླབ་མི་ཤེས་པས་ཟེར་ཨིན་པས།

དེ་དང་གཅིག་ཁར་ ལྟེ་བ་ནང་ མཐུན་རྐྱེན་གསརཔ་ ལྷོད་མི་ལུ་བརྟེན་ ནདཔ་ཚུ་ལུ་ སྨན་བཅོས་འབད་ཚུགསཔ་ལས་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ གཏང་མ་དགོ་པའི་ ཁེ་ཕན་བྱུང་པའི་ཁར་ རྒེད་འོག་གི་ བཀོལ་སྤྱོད་སྣུམ་འཁོར་ལུ་བརྟེན་ ཐུག་རྐྱེན་བྱུང་མི་ཚུ་ལུ་ཡང་ ཆ་རོགས་འབད་ཚུགསཔ་ཨིན་པས།

རྫོང་ཁག་གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནདཔ་ཚུ་གི་ གྱངས་ཁ་དང་འཁྲིལ་ཏེ་ མི་སྟོབས་བདེ་སྒྲིག་བཟོ་དགོཔ་ཡོདཔ་ད་ གསར་སྤང་རྫོང་ཁག་གི་ གསོ་བའི་ལྟེ་བ་ཚུ་བ་ལས་ ལཱ་ཉུང་མི་ སྨན་ཁང་ཚུ་ཡང་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *