འདས་པའི་ཟླཝ་༢ ནང་ ནོར་༡༥ ཨར་རྐུན་ཤོར་ནུག།

འཇིགས་མེད་གླིང་གི་ ས་མཚམས་བདའ་སྟེ་ ནོར་སེམས་ཅན་ཚུ་ བྱང་སྟོར་ཤོར་དོ་ཡོདཔ།

༉ འདས་པའི་ཟླཝ་༢ ནང་ ནོར་སེམས་ཅན་ཚུ་ ཨར་རྐུན་ཤོར་བའི་ གནད་དོན་ལེ་ཤ་ཐོན་ཡོདཔ་ལས་ གསར་སྤང་རྫོང་ཁག་ འཇིགས་མེད་གླིང་གི་ ས་མཚམས་འཛུལ་སྒོ་བདའ་སྟེ་ སྡོད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

འཇིགས་མེད་གླིང་གི་ས་གནས་ བདེ་སྐྱིད་གླིང་ལུ་ སྤྱི་ཟླ་༡༡ པ་དང་༡༢ པའི་ནང་ ནོར་སེམས་ཅན་༡༥ བྱང་སྟོར་ཤོར་ཡོདཔ་ད་ དེ་གི་གྲས་ལས་ མང་ཤོས་ཅིག་ ཨོམ་བཞོ་མི་བ་ཚུ་ཨིན་པས།

འདས་པའི་རེས་གཟའ་ཕུར་བུའི་ནུབ་མོར་ གཡུས་མི་ཅིག་གི་ ཁྱིམ་གྱི་སྦོ་ལོགས་ཁ་ལས་ ར་བ་ཚུ་མེདཔ་བཏང་སྟེ་ བ་གཉིས་ ཨརཝ་རྐུ་འབག་ཡོདཔ་ད་ ཇོ་བདག་གནས་བརྟན་རྡོ་རྗེ་གིས་ སླབ་མིའི་ནང་ བྱུང་རྐྱེན་དེ་གི་སྐབས་ལུ་ ཁོ་ར་དང་ ཁོ་རའི་བཟའ་ཚང་ཚུ་ ཁྱིམ་ནང་ར་ སྡོད་ཅི་ཟེར་ཨིན་པས།

འདས་པའི་ཉིན་གྲངས་༤ གི་རིང་ལུ་ གཡུས་སྒོ་ནང་ལས་ བ་༣ དང་ གླང་༡ ཨརཝ་ཤོར་ཡོདཔ་ད་ གནད་དོན་དེ་ ཉིན་མ་ཡང་ བྱུངམ་མས་ཟེར་ ཁོ་གིས་ བཤད་པའི་ཁར་ ད་རེས་ མི་སེར་མང་ཤོས་ར་ འཚོ་བ་སྒོ་ནོར་ལུ་བརྟེན་ཏེ་ སྡོད་དོ་ཡོདཔ་ལས་ དེ་བཟུམ་མའི་ བྱང་ངན་ཚུ་ བཀག་ཐབས་འབད་དགོཔ་འདུག་ཟེར་ སླབ་ཨིན་པས།

རེས་གཟའ་པ་སངས་ལུ་ ཁྲིམས་སྲུང་འགག་པ་གིས་ ས་མཚམས་བདའ་སྟེ་ འཚོལ་ཞིབ་འབད་ཡོདཔ་ཨིན་རུང་ ཐོབ་མ་ཚུགས་ཟེར་ཨིན་པས།

གནས་བརྟན་རྡོ་རྗེ་གིས་ སླབ་མིའི་ནང་ ས་མཚམས་དེ་ གཡུས་ཚན་ལས་ ཀི་ལོ་མི་ཊར་༤ དེ་ཅིག་གི་ ས་ཁར་ཨིནམ་བཞིན་དུ་ ཕྱི་ཁའི་མི་ཚུ་ གཡུས་ཚན་ཚུན་ འོང་མི་ཚུགས་ནི་ཨིནམ་ལས་ གཡུས་སྒོའི་ནང་ལས་ར་ འབྲུག་མི་ཆ་རོགས་འབད་མི་ཡོདཔ་འོང་ནི་མས་ཟེར་ཨིན་པས།

མི་ཚུ་གིས་ སླབ་མིའི་ནང་ ནོར་ཚུ་ ཉིན་མར་ས་མཚམས་བདའ་སྟེ་ རྩྭ་ཟ་བར་བཏངམ་ད་ ཨར་རྐུན་ཤོར་དོ་ཡོདཔ་མ་ཚད་ ཁྱིམ་གྱི་ས་གོ་ནང་ལས་འབད་བ་ཅིན་ ནུབ་མོར་ ཨར་རྐུན་ཤོརཝ་མས་ཟེར་ཨིན་པས།

འདས་པའི་བདུན་ཕྲག་༢ ཀྱི་རིང་ བསོད་ནམས་དབྱངས་ཅན་གྱི་ ཇར་སི་བ་༢ ས་མཚམས་ལས་ བྱང་སྟོར་ཤོར་ཡོདཔ་ད་ ཁོང་གིས་ ས་མཚམས་ལམ་བདའ་སྟེ་ འཚོལ་ཞིབ་འབད་བའི་སྐབས་ རྐང་རྗེས་ཚུ་ མཐོང་ཅི་ཟེར་ཨིན་པས།

གཡུས་མི་ཚུ་གིས་ སླབ་མིའི་ནང་ ས་མཚམས་ཁར་ ནགས་ཚལ་སྟུག་དྲགས་ཡོདཔ་ལས་ སྲུང་ནི་དེ་ ཉེན་ཁ་ཆེ་དྲགས་ཡོདཔ་མ་ཚད་ ས་མཚམས་ཁར་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་སྡེའི་ འགེག་སྲུང་ཡོད་རུང་ བྱ་ངན་ཚུ་ བྱུངམ་མས་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ནོར་སེམས་ཅན་བྱང་སྟོར་ཤོར་སའི་ ས་ཁོངས་བདའ་སྟེ་ སོང་ཐོག་ལས་ ངོས་འཛིན་འབད་དེ་ ཁྲིམས་ཡང་བཀལ་ནི་ཡོད་རུང་ ད་རེས་ ཀོ་བིཌ་-༡༩ ལུ་བརྟེན་ འགྱོ་མི་ཆོག་པས་ཟེར་ གཡུས་མི་ཚུ་གིས་ བཤདཔ་ཨིན་པས།

གཡུས་མི་ཡེ་ཤེས་དབང་མོ་གིས་ སླབ་མིའི་ནང་ ས་མཚམས་བདའ་སྟེ་ བཟའ་སྤྱོད་མ་འབད་བར་བཞག་མི་ ས་ཆ་ཚུ་ ནགས་ཚལ་སྟུག་དྲགས་ཐལ་ཡོདཔ་ལས་ ས་གནས་གཞུང་གིས་ སེལ་བཅུག་དགོཔ་འབད་ སླབ་སྟེ་ཡོད་ཟེར་ཨིན་པས།

བདེ་སྐྱིད་གླིང་རྒཔོ་ པ་དམ་སིང་མོང་གར་གྱིས་ སླབ་མིའི་ནང་ མི་ཚུ་གིས་ རང་སོའི་ནོར་སེམས་ཅན་ཚུ་ ས་མཚམས་ས་ཁོངས་ནང་ལས་ཕར་ བདའ་མ་ཆོགཔ་སྦེ་ སླབ་སྟེ་ཡོད་རུང་ ཉན་མི་བཏུབ་པས་ཟེར་ཨིན་པས།

འདས་པའི་གནས་སྟངས་ཚུ་ནང་ཡང་ ནོར་སེམས་ཅན་ཚུ་ ས་མཚམས་ས་ཁོངས་ཚུ་ནང་ལས་ བྱང་སྟོར་ཤོར་ཡོདཔ་ད་ དེ་ནང་ འབྲེལ་གཏོགས་ག་དང་ག་ར་ཡོདཔ་ཨིན་ན་ མ་ཤེས་ཟེར་ཨིནམ་ད་ ད་རེས་ཁམས་ཀྱི་ བྱུང་རྐྱེན་ཚུ་གི་སྐོར་ལས་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་མ་ལྷོད་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

དགེ་ལེགས་ཕུག་དང་ གསར་སྤང་གི་ ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་ལུ་ དབྱེ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *