དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ལྷུན་རྩེ་ལུ་ རྫོང་ཁག་བདག་སྐྱོང་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་དང་གཅིག་ཁར་ འཆར་དངུལ་དང་ དཔལ་འབྱོར་གནས་སྟངས་ཀྱི་སྐོར་ལས་ ཞལ་འཛོམས་འཚོགས་པའི་བསྒང་།

འཆར་དངུལ་ཚུ་ འཆར་གཞིའི་ལས་སྣ་ཚུ་དང་འཁྲིལ་ ལག་ལེན་འཐབ་དགོ་ནི།

༉ ལྷུན་རྩེ་རྫོང་ཁག་གི་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ ད་ལས་ཕར་ ལོ་བསྟར་གྱི་འཆར་དངུལ་ཚུ་ ལྷག་ལུས་མེདཔ་སྦེ་ འཆར་གཞིའི་ལས་སྣ་ཚུ་དང་འཁྲིལ་ ལག་ལེན་འཐབ་དགོ་ནི་ཨིན་པས།

དེ་ཡང་ ཁ་ཙ་ དངུལ་རྩིས་ལྷན་ཁག་ལས་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་གཙོས་པའི་ ལས་ཁུངས་ཁག་གི་ འགོ་དཔོན་ཚུ་གིས་ རྫོང་ཁག་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་གསལ་བཤད་འབད་ཡི།

འཆར་དངུལ་སྡེ་ཚན་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གསར་སྒྲུབ་ཀྱི་དོན་ལུ་ མི་སེར་ལས་བསྡུ་མི་ ཁྲལ་གྱི་འོང་འབབ་ཐོག་ལས་ ཟད་འགྲོ་གཏང་དགོ་ནི་དེ་གིས་ དཀའ་ངལ་བྱུངམ་ཟེར་ཨིན་པས།

ས་གནས་གཞུང་གི་ རྒཔོ་ཚུ་གིས་ འཆར་དངུལ་དང་བསྟུན་པའི་ ལཱ་འབདཝ་ད་ ལས་སྣ་ག་ཅི་ར་འབད་རུང་ མ་དངུལ་མ་ཐོབ་པའི་ ཧེ་མ་ལས་ ཁག་འབགཔ་ཚུ་ལུ་ ལཱ་སྤྲོད་ནི་དེ་ འཛེམ་དགོ་ཟེར་ཨིན་པས།

གལ་སྲིད་ མ་དངུལ་མ་ཐོབ་ལས་ ཁག་འབགཔ་ལུ་ ལཱ་སྤྲོད་པའི་ཤུལ་ལས་ ཁག་འབགཔ་གིས་ ལཱ་མཇུག་བསྡུ་སྟེ་ ཏི་རུ་གནང་ཟེར་བའི་སྐབས་ གཞུང་ལས་བྱིན་ནི་མེད་པ་ཅིན་ གནང་བ་སྤྲོད་མི་དེ་གིས་ བྱིན་དགོ་པའི་ དཀའ་ངལ་འབྱུང་འོང་ཟེར་ ཨིན་པས།

ས་གནས་གཞུང་ལུ་ དཀའ་ངལ་གཅིགཔོ་དེ་ འཆར་གཞི་ནང་ ག་ཡོད་མི་དེ་ར་ རིན་བསྡུར་འབད་དེ་ ཁག་འབགཔ་ལུ་ སྤྲོད་ཡོད་རུང་ མ་དངུལ་ལངམ་སྦེ་མེདཔ་ལས་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོག་ནི་དེ་གིས་ ད་ལས་ཕར་ ལས་སྣ་དང་ འཆར་དངུལ་ཚུ་ ཞིབ་དཔྱད་མཐིལ་ཕྱིན་འབད་ཞིནམ་ལས་ འཆར་དངུལ་དང་བསྟུན་པའི་ ལཱ་སྤྲོད་དགོ་ཟེར་གསལ་བཤད་འབད་ཡི།

དཀའ་ངལ་གཙོ་བོ་ཅིག་ གཞུང་གིས་ ལོ་༡ གི་འཆར་དངུལ་དེ་ གནང་མི་དང་བསྟུན་ ལག་ལེན་འཐབ་མ་ཚུགས་པར་ ལོ་མཇུག་ལུ་ ལོག་གཞུང་ལུ་ རྩིས་སྤྲོད་འབད་དགོ་པས་ཟེར་མནོ་སྟེ་ འཆར་གཞི་ནང་མེད་པའི་ ལས་སྣ་ཚུ་ལུ་ ཟད་འགྲོ་བཏང་སྟེ་ ལཱ་འབད་མི་ལུ་བརྟེན་ ལཱ་གི་སྤུས་ཚད་དང་ གྲུབ་འབྲས་ དེ་ལས་ དམངས་དངུལ་དེ་ ལོག་སྤྱོད་འབད་ནི་འདུག་ཟེར་ཨིན་པས།

བློན་པོ་རྣམ་རྒྱལ་རྡོ་རྗེ་གིས་ གསུངས་མིའི་ནང་ ས་གནས་གཞུང་གི་ རྒཔོ་གསརཔ་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལས་ ཏི་རུ་འཛིན་སྐྱོང་འབད་ནི་དང་ རྩིས་སྤྲོད་ལེན་འབད་ནི་ལུ་ མགུ་འཐོམ་སྟེ་ དུས་ཚོད་ལེ་ཤ་འགོར་བའི་ཁར་ ལོ་༡ གི་ འཆར་དངུལ་ཐོབ་མི་དེ་ འཆར་གཞི་དང་བསྟུན་ ལག་ལེན་འཐབ་མ་ཚུགས་པར་ ལོག་གཞུང་བཞེས་འབད་ནི་མས་ཟེར་བའི་ ཚ་གྱང་ལང་སྟེ་ སྤུས་ཚད་མེད་པའི་ལཱ་ཚུ་ འབད་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།

བློན་པོ་གིས་ འབད་བ་ཅིན་ འཆར་ལོ་༢༠༡༧ དང་༢༠༡༨ ཀྱི་ འཆར་དངུལ་ཚུ་ རྩིས་སྤྲོད་དེ་ ཟླཝ་༤ སོང་སྟེ་ ལྷག་ལུས་ ཟླཝ་༨ ཀྱི་ ནང་འཁོད་ལུ་ ལག་ལེན་འཐབ་མ་ཚུགས་པའི་ ཚ་གྱང་མེད་རུང་ ལཱ་ཚུ་ འགོ་བཙུགས་མ་ཚུགས་པར་ ལུས་པ་ཅིན་ མ་དངུལ་དེ་ ལག་ལེན་འཐབ་མི་ཚུགས་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

མ་གཞི་ རྒཔོ་ཚུ་གིས་འབད་རུང་ རང་སོའི་རྒེད་འོག་ནང་ ལོ་༡ གི་དོན་ལུ་ མ་དངུལ་ཡོངས་བསྡོམས་ ག་དེམ་ཅིག་ཐོབ་ཡོདཔ་ཨིན་ན་དང་ མ་དངུལ་ཚུ་ ལས་སྣ་ཁག་མ་འདྲཝ་ ག་ཅི་གི་དོན་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་ན་ ཤེས་དགོཔ་གལ་ཆེ་བའི་ཁར་ མི་སེར་ཚུ་གི་ རེ་འདོད་འགྲུབ་ཚུགས་པའི་ འགན་འཁྲི་འབག་དགོ་ཟེར་ གསུངས་ཡི།

གལ་སྲིད་ གཞུང་གིས་ མ་དངུལ་གནང་མི་དེ་ རྒཔོ་དང་ རྫོང་ཁག་གིས་ ལག་ལེན་འཐབ་མ་ཚུགས་པར་ ལོག་གཞུང་ལུ་ ཕུལ་བ་ཅིན་ འཐུས་ཤོར་བའི་ རྟགས་མཚན་སྟོནམ་ཨིན་ཟེར་ བློན་པོ་གིས་ གསུངས་ཡི།

ཞལ་འཛོམས་དེ་ལུ་བརྟེན་ ཡོན་ཏན་གསརཔ་དང་ ཉམས་མྱོང་ དེ་ལས་ དོགས་པ་སེལ་ཚུགསཔ་མ་ཚད་ ད་ལས་ཕར་ སེམས་ཤུགས་བསྐྱེད་དེ་ མི་སེར་གྱི་དོན་ལུ་ འགན་ཁུར་ཐེབས་འབག་སྟེ་ ཕྱག་ཞུ་ནི་ཨིན་ཟེར་བའི་ མནོ་བསམ་བཏང་སྟེ་ ལཱ་འབད་དགོཔ་གལ་ཆེ་ཟེར་ གསུངས་ཡི།

རྫོང་ཁག་ནང་ རྒེད་འོག་༨ ཀྱི་གྲས་ལས་ འཆར་ལོ་༢༠༡༧ དང་༢༠༡༨ ཀྱི་དོན་ལུ་ སྨན་སྦིས་རྒེད་འོག་གིས འཆར་དངུལ་ དངུལ་ཀྲམ་ས་ཡ་༡༣ ལྷགཔ་ཅིག་ཐོབ་ཡོདཔ་ད་ ཉུང་ཤོས་ར་ སྨད་མཚོ་རྒེད་འོག་གིས་ དངུལ་ཀྲམ་ས་ཡ་༣ ལྷགཔ་ཅིག་ ཐོབ་ནུག།

འཆར་དངུལ་འགོ་བཙུགས་ཏེ་ ད་ཚུན་གྱི་བར་ན་ གསར་སྒྲུབ་ཀྱི་ལས་སྣ་གུ་ སྨིན་རྗེ་རྒེད་འོག་གིས་ བརྒྱ་ཆ་༤༥ ལག་ལེན་འཐབ་ཡོདཔ་ད་ རྒེད་འོག་ལ་ལུ་ཅིག་གིས་ འཆར་དངུལ་ཚུ་ གཞུང་ལས་ཐོབ་ཡོད་རུང་ ད་ལྟོ་ ལས་སྣ་གཅིག་ལུ་ཡང་ ལག་ལེན་འཐབ་མ་ཚུགས་པར་འདུག།

མ་དངུལ་ཚུ་ཡང་ ལྷ་ཁང་ཉམས་བཅོས་འབད་ནི་དང་ བླ་མའི་གཟིམ་ཅུང་རྐྱབ་ནི་ གྲྭ་ཤག་དང་ ཐབ་ཚང་རྐྱབ་ནི་ ཅ་རྙིང་མཁོ་སྒྲུབ་ གསང་སྤྱོད་ ལམ་སྲོལ་བདག་འཛིན་ གོ་བརྡའི་ལས་རིམ་ སོ་ནམ་སྦྱོང་བརྡར་ འཐུང་ཆུ་བཀྲམ་སྤེལ་ དེ་ལས་ རྐང་ལམ་དང་ ལྷུན་རྩེ་ཕག་གླིང་ཁྲོམ་གྱི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།

རྒཔོ་དང་ དམངས་མི་ཚུ་གིས་ བསམ་འཆར་བཀོད་མིའི་ནང་ དངུལ་རྩིས་ལྷན་ཁག་ལས་ དེ་བཟུམ་མའི་ གོ་བརྡའི་ལས་རིམ་ཚུ་ ཁ་གསལ་སྦེ་ གསུངས་གནང་ཡོདཔ་ལས་ ལས་སྣ་ཚུ་ ལག་ལེན་འཐབ་ད་ ཁེ་ཕན་འབྱུང་ཚུགས་ནི་མས་ཟེར་ ཨིན་པས།

དངུལ་རྩིས་བློན་པོ་གིས་ ད་ཚུན་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་༢ ནང་ འཆར་དངུལ་དང་ དཔལ་འབྱོར་གནས་སྟངས་ཀྱི་སྐོར་ལས་ ཞལ་འཛོམས་མཇུག་བསྡུ་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *