༉ འཆར་གཞི་ཚུ་ བརྩམ་པའི་སྐབས་ འཆར་གཞིའི་གྲུབ་འབྲས་ ལག་ལེན་པ་ཚུ་གི་ཧོངས་ལས་ མནོ་བསམ་བཏང་སྟེ་ བརྩམ་དགོཔ་དེ་ གལ་ཆེ་མི་ལུ་བརྟེན་ ལས་ཁུངས་ཁག་གི་ འགོ་དཔོན་དང་ ལས་བྱེདཔ་ཚུ་གི་དོན་ལུ་ ལམ་སྟོན་དཔེ་དེབ་ཅིག་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ཐིམ་ཕུག་ལུ་ གསར་བཏོན་འབད་ཡི།
དཔེ་དེབ་དེ་ལུ་བརྟེན་ མི་མང་ཞབས་ཏོག་ལས་ཁུངས་ཚུ་གིས་ འབྲུག་གི་ནང་འཁོད་ལུ་ མི་མང་ཞབས་ཏོག་བྱིན་ནིའི་དོན་ལུ་ འཆར་གཞི་ཚུ་ བརྩམ་པའི་སྐབས་ ག་དེ་སྦེ་ར་ བརྩམ་དགོཔ་ཨིན་ན་ཚུའི་སྐོར་ལས་ གནས་སྐབས་འཐོབ་ཚུགས་ནི་ཨིན་པས།
ལམ་སྟོན་དཔེ་དེབ་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ སིངྒ་པུར་ལུ་ཡོད་མི་ ཏི་མ་སིག་གཞི་ཚོགས་ཀྱིས་ མཉམ་འབྲེལ་ཐོག་ལས་ བརྩམས་ཡོདཔ་ད་ ད་ཚུན་ མི་མང་ཞབས་ཏོག་འགོ་དཔོན་༢༣༠ དེ་ཅིག་ལུ་ སྦྱང་བ་བྱིན་མི་ལས་༢༣ ལུ་ ལམ་སྟོན་དེ་གི་ སྦྱོང་བརྡར་མཁས་མཆོག་གི་ སྦྱོང་བརྡར་ཚུ་ བྱིན་ཏེ་ཡོདཔ་ཨིན་པས།
སྦྱོང་བརྡར་བྱིན་མི་ བསྟན་རྒྱས་ལྷན་ཁག་གི་ བཟོ་གྲྭའི་འགོ་དཔོན་ བསོད་ནམས་ལྷམོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལམ་སྟོན་དེ་ གཙོ་བོ་ར་ མི་ལུ་གཙོ་བོར་བཟུང་སྟེ་ཡོདཔ་ལས་ གཞུང་གིས་འབད་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ དེ་བཟུམ་མའི་ ཐབས་རིག་ཚུ་ བཏོན་དགོཔ་ཤེས་ནུག་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ དུས་དང་འཁྲིལ་ གཞུང་གིས་ མི་གི་འགྱུར་བ་དང་བསྟུན་པའི་ ཐབས་རིག་ཚུ་བཏོན་ཏེ་ མི་སེར་སེམས་དགའ་བཅུག་དགོ་པའི་ དུས་ཚོད་རན་ནུག་ཟེར་ཨིན་པས།
དཔེར་ན་ གཞུང་གིས་ ཐབས་ལམ་ཅིག་ བཏོན་དགོཔ་ཐོནམ་ད་ ཞབས་ཏོག་སྤྱོད་མི་ཚུ་ཡང་ ཐབས་ལམ་དེ་ནང་ གྲལ་གཏོགས་མེད་པ་ཅིན་ འཆར་གཞི་ཚུ་ ག་ཅི་ར་བརྩམ་རུང་ ཁེ་ཕན་མེད་པའི་ལཱ་ལུ་ འགྱུར་འོང་ཟེར་ཨིནམ་ལས་ ལམ་སྟོན་དེ་གིས་ དེ་བཟུམ་མའི་ གནས་སྟངས་ནང་ ལྷན་ཐབས་འབྱུང་འོང་ཟེར་ བསོད་ནམས་ལྷམོ་གིས་ བཤདཔ་ཨིན་པས།
ད་རེས་ཀྱི་ ལས་རིམ་ནང་ མི་མང་ལུ་ ཞབས་ཏོག་བྱིན་མི་ ཡིག་ཚང་ཚུ་ནང་ ལཱ་འབད་མི་ དཔེར་ན་ རྫོང་ཁག་རང་བཞིན་གནས་སྟངས་འགོ་དཔོན་དང་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ལམ་སྟོན་བཟོ་མིའི་ནང་ འབྲེལ་བ་ཡོད་མི་ བཅོ་ལྔ་བཟང་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལམ་སྟོན་དེ་གི་ཐོག་ལས་ མི་མང་ཞབས་ཏོག་བྱིན་མི་ཚུ་ལུ་ ཕན་ཐོགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ད་རེས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ འཆར་གཞི་བཟོ་མི་ཚུ་གིས་ རང་གིས་མནོ་མི་དང་ གྲོས་བསྟུན་ཐོག་ལས་ འབད་དོ་ཡོད་རུང་ ཞབས་ཏོག་སྤྱོད་མི་ཚུ་གི་ཧོངས་ལས་ མནོ་བསམ་དེ་ཅིག་མ་བཏང་པར་ འཆར་གཞི་ཚུ་ བརྩམ་དོ་ཡོདཔ་ལས་ དེ་གིས་ ཕན་ཐོགས་མ་ཚུགས་པར་ ཡོད་མི་ཡང་འདུག་ཟེར་ཨིན་པས།
དཔེར་ན་ བརྡ་བྱང་ཚུ་ འོས་འབབ་ལྡན་པའི་ ས་ཁོངས་ནང་མེན་པར་ མི་ག་གིས་ཡང་ མ་མཐོང་སར་ བཙུགས་བཞག་པ་ཅིན་ དེ་གིས་ ཕན་ཐོགས་མི་འབྱུང་ནི་ཨིན་རུང་ ས་ཁོངས་ངོ་མ་ནང་ བཙུགས་པ་ཅིན་ དེ་དང་འཁྲིལ་བའི་ གོ་བརྡ་འབད་རུང་ ཉེན་བརྡ་འབད་རུང་ འབད་ཚུགས་པའི་ ཁེ་ཕན་ཡོདཔ་ལས་ ལམ་སྟོན་དེ་གིས་ དེ་བཟུམ་མའི་ ཐབས་རིག་བཟུམ་ཅིག་ནང་ ཁེ་ཕན་འཐོབ་འོང་ཟེར་ཨིན་པའི་གནས་ཚུལ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ ཏི་མ་སིག་གཞི་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བསམ་ཞིབ་ལམ་སྟོན་དཔེ་དེབ་ གསར་བཏོན་འབད་བའི་བསྒང་།