འཆར་གཞི་༡༢ པའི་ མ་དངུལ་མང་ཤོས་ཅིག་ རྒྱུན་སྐྱོང་གི་དོན་ལུ་ ཟད་འགྲོ་གཏང་ནི།

༉ འཆར་གཞི་༡༢ པའི་དོན་ལུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༣༠༠ སྔོན་རྩིས་བཏོན་ཡོད་ས་ལས་ མང་ཤོས་ཅིག་ རྒྱུན་སྐྱོང་གི་དོན་ལུ་ ཟད་འགྲོ་གཏང་དགོཔ་འཐོན་ནི་ཨིནམ་ལས་ མཁོ་སྒྲུབ་ཀྱི་དོན་ལུ་ མ་དངུལ་གངམ་མེདཔ་ཨིན་པས།
དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ མ་དངུལ་བགོ་བཀྲམ་གྱི་ སྙན་ཞུ་འབད་མི་དང་འཁྲིལ་བ་ཅིན་ འཆར་གཞི་༡༢ པའི་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༣༠༠ ལས་ དངུལ་ཀྲམ་ཐེར་འབུམ་༡༨༥ དེ་ཅིག་ རྒྱུན་སྐྱོང་གི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ལས་ དངུལ་ཀྲམ་ཐེར་འབུམ་༡༡༥ རྐྱངམ་གཅིག་ མཁོ་སྒྲུབ་ཀྱི་དོན་ལུ་ ཟད་འགྲོ་གཏང་ནི་ཨིན་པས།
རྒྱུན་སྐྱོང་གི་ཟད་འགྲོ་དེ་ཡང་ བཟའ་འཐུང་དང་ ཅ་ཆས་ལ་སོགས་པ་ཚུ་ ནང་འདྲེན་གྱི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་ ཕྱིའི་རྒྱལ་ཁབ་ལས་ བསྐྱིན་འགྲུལ་ལེན་མིའི་ བསྐྱིན་ཚབ་བཏབ་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ད་ དེ་གིས་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་མེདཔ་ཨིན་པས།
དེ་ལས་ མཁོ་སྒྲུབ་ཀྱི་དོན་ལུ་ དངུལ་བཀྲམ་ཐེར་འབུམ་༡༡༥ དགོ་ས་ལས་ དངུལ་ཀྲམ་ཐེར་འབུམ་༥༠ གཞུང་ལྟེ་བའི་དོན་ལུ་དང་ དངུལ་ཀྲམ་ཐེར་འབུམ་༥༠ ས་གནས་གཞུང་གི་དོན་ལུ་ཨིནམ་བཞིན་དུ་ ད་ལས་ཕར་ ས་གནས་གཞུང་ལུ་ མ་དངུལ་ཡང་ ཁོང་ར་གིས་ ལག་ལེན་འཐབ་ནིའི་དོན་ལུ་ སྤྲོད་ནི་ཨིནམ་ལས་ དེ་གིས་ མ་དངུལ་ཐོག་ལས་ཡང་ དབང་ཚད་ཕྱིར་སྤེལ་གྱི་ སྲིད་བྱིས་འགྲུབ་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ ལྷན་ཚོགས་ཀྱིས་ འགོ་དཔོན་ཅིག་གིས་ བཤད་ཅི།
ས་གནས་གཞུང་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥༠ ལས་ དངུལ་ཀྲམ་ཐེར་འབུམ་༢༥ རྫོང་༢༠ ལུ་ བགོ་བཀྲམ་འབད་ནི་དང་ དངུལ་ཀྲམ་ཐེར་འབུམ་༡༠ རྒེད་འོག་༢༠༥ ལུ་བྱིན་ནི་ དངུལ་ཀྲམ་ཐེར་འབུམ་༡༠ ཁྲོམ་སྡེ་༤ ལུ་ བགོ་བཀྲམ་འབད་ནི་ དེ་ལས་ དངུལ་ཀྲམ་ཐེར་འབུམ་༥ ཁྲོམ་༡༦ ལུ་ བྱིན་ནི་ཨིན་པས།
དེ་ལས་ ལྷག་ལུས་དངུལ་ཀྲམ་ཐེར་འབུམ་༡༥ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ད་ དེའི་ནང་དོན་ཉིད་ལས་ རྒྱལ་ཁབ་ནང་ འོང་འབབ་འབྱུང་ཁུངས་ཀྱི་ལས་སྡེ་ གློག་མེ་ལས་འགུལ་ཚུ་ནང་ ཟད་འགྲོ་གཏང་ནི་ཨིནམ་མ་ཚད་ ཆུ་རྐ་ལེགས་བཅོས་དང་ ཉམས་སྲུང་གི་དོན་ལུ་ ལས་རིམ་ཚུ་འགོ་འདྲེན་འཐབ་ནི་ ལ་གོང་གསུམ་ནངསྡོད་མི་ཚུ་གི་དོན་ལུ་ འཚོ་བའི་གནས་ཚད་ ལེགས་བཅོས་འབད་ནི་ དེ་ལས་ གསོ་བ་དང་ཤེས་རིག་ལ་སོགས་པའི་ ཞབས་ཏོག་བྱིན་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
དཔལ་འབྱོར་གོང་འཕེལ་དང་ འཐུང་ཆུ་ཉམས་སྲུང་ དེ་ལས་ ལ་གོང་གསུམ་གྱི་ འཚོ་བའི་གནས་ཚད་ལེགས་བཅོས་ཀྱི་ ལས་རིམ་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡༥ སྔོན་རྩིས་བཏོན་ཡོད་མི་ལས་ དངུལ་ཀྲམ་ཐེར་འབུམ་༡༣ གཞུང་ལྟེ་བ་དང་འབྲེལ་བའི་ལས་སྡེ་ཚུ་གི་དོན་ལུ་ཨིནམ་ད་ ལྷག་ལུས་ དངུལ་ཀྲམ་ཐེར་འབུམ་༢ ས་གནས་གཞུང་གི་དོན་ལུ་ཨིན་པས།
འཆར་གཞི་༡༢ པའི་ ལས་སྣ་མང་ཤོས་ཅིག་གི་གྲས་ལས་ དབུལ་ཕོངས་ཀྱི་དཀའ་ངལ་ མར་ཕབ་འབད་ནི་དང་ རྒྱུ་དོངས་ཡོད་མི་དང་ མེད་མིའི་བར་ན་ ཁྱད་པར་ཆགས་མི་དེ་ མར་ཕབ་འབད་ནི་ དོན་སྨིན་ཅན་གྱི་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ གསོ་བ་དང་ཤེས་རིག་གི་ཞབས་ཏོག་ཚུ་ གོང་འཕེལ་གཏང་ནི་ དམངས་གཙོའི་རིང་ལུགས་ རྒྱ་བསྐྱེད་གཏང་སྟེ་ དབང་ཚད་ཕྱིར་སྤེལ་གོང་འཕེལ་གཏང་ནི་ ངན་ལྷད་མར་ཕབ་འབད་ནི་ དྲང་ཁྲིམས་ཀྱི་ཞབས་ཏོག་ རྒྱ་བསྐྱེད་གཏང་ནི་ དེ་ལས་ ཕོ་མོ་འདྲ་མཉམ་གོང་འཕེལ་གཏང་ནི་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
འཆར་གཞི་༡༢ པའི་ནང་ རྒྱལ་ཁབ་ཀྱི་མི་སེར་ སྤྱིར་བཏང་ལུ་ ཕན་ཐོགས་ལེགས་ཤོམ་འབྱུང་ནིའི་དོན་ལུ་ ཐོན་ཁུངས་ཀྱི་རིགས་ འདྲ་མཉམ་སྦེ་ བགོ་བཀྲམ་འབད་ནི་དང་ མི་མང་གི་ཞབས་ཏོག་ལེགས་བཅོས་འབད་ནི་ དེ་ལས་ མི་ཚུ་གི་ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ཡང་ གཙོ་རིམ་བཟུང་ནི་ཨིནམ་ད་ འཆར་གཞི་༡༢ པའི་དོན་ལུ་ ད་ལྟོ་ མ་དངུལ་གཏན་འཁེལ་མེདཔ་ལས་ འཚོལ་དགོཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *