འཆར་གཞི་༡༢ པའི་ནང་ སློབ་གྲྭ་སྒོ་བསྡམ་ནི་གི་ འཆར་གཞི་མེདཔ།

༉ ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ རྒྱལ་ཁབ་ནང་འཁོད་ལུ་ སློབ་གྲྭ་ཚུ་ སྒོ་བསྡམ་ནི་གི་ འཆར་གཞི་མེདཔ་མ་ཚད་ སློབ་གྲྭ་གང་རུང་ཅིག་ སྒོ་བསྡམ་དགོཔ་འཐོན་རུང་ དེ་གི་སྐོར་ མི་སྡེ་ཚུ་གིས་ ཐག་བཏོག་འོང་ཟེར་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ བཤདཔ་ཨིན་པས།
སློབ་གྲྭ་གང་རུང་༡ སྒོ་མ་བསྡམ་པའི་ཧེ་མར་ ས་གནས་གཞུང་གིས་ མི་སེར་ཚུ་ལས་ མོས་མཐུན་གྱི་ ངོས་ལེན་ལེན་དགོ་ཟེར་ ཤེས་རིག་བློན་པོ་གིས་ ཁ་ཙ་ མི་སེར་དམངས་གཙོའི་ཚོགས་པའི་ བརྡ་བརྒྱུད་སྡེ་ཕྲན་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
གནད་དོན་དེ་ཡང་ འདས་པའི་ཀུན་གསལ་ཐོན་རིམ་ནང་ སློབ་དཔོན་ཚུ་གི་ ལཱ་ཉུང་དྲགས་བཟོ་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ ལོ་ལྔའི་འཆར་གཞི་༡༢ པ་ མཇུག་བསྡུཝ་ད་ རྒྱལ་ཁབ་ནང་འཁོད་ལུ་ སློབ་གྲྭ་༢༠༠ དེ་ཅིག་ མར་ཕབ་འབད་ནི་གི་ འཆར་གཞི་ཡོད་པའི་སྐོར་ གསལ་བཀོད་འབད་མིའི་ལན་ལུ་ གནས་ཚུལ་གསར་བཏོན་འབད་ནུག།
ཨིན་རུང་ ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ སློབ་གྲྭ་ལྟེ་བ་༦༠ ཁ་སྐོང་གཞི་བཙུགས་འབད་དེ་ རྒྱལ་ཁབ་ནང་ སློབ་གྲྭ་ལྟེ་བ་༡༢༠ ལུ་ ཡར་སེང་འབད་ནི་དང་ སློབ་གྲྭ་ལྟེ་བ་ཚུ་ནང་ མཁོ་སྤྲོད་འབད་མི་ མཐུན་རྐྱེན་ཅོག་འཐདཔ་སྦེ་ ནང་སྡོད་སློབ་གྲྭ་ཆུང་བ་༧༠ དེ་ཅིག་ གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
དེ་མ་ཚད་ དམིགས་བསལ་གྱི་མི་སྡེ་ ས་ཁ་མཐོ་སར་ སྡོད་མི་ཚུ་གི་དོན་ལུ་ དམིགས་བསལ་ནང་སྡོད་སློབ་གྲྭ་༡༠ གཞི་བཙུགས་འབད་ནི་ཨིནམ་ལས་ ད་ལྟོ་ཡོད་མི་ སློབ་གྲྭ་ལྟེ་བ་༦༠ རྒྱ་སྐྱེད་འབད་ནི་ཨིན་མི་བརྩིས་ཏེ་ ནང་སྡོ་སློབ་གྲྭ་༢༠༠ བཟོ་ནིའི་དོན་ལས་ ལྷན་རྒྱས་གཞུང་ཚོགས་ལུ་ གྲོས་འཆར་བཙུགས་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
མི་སྡེ་གིས་ རྒྱ༌སྐྱེད་སློབ་གྲྭ་༩༦ དང་ སློབ་གྲྭ་ཆུང་བ་༢༥༠ སྒོ་བསྡམ་ནི་ལུ་ ངོས་ལེན་མེད་པ་ཅིན་ འཕྲོ་མཐུད་དེ་ར་ བཞག་འོང་ཟེར་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ བཤད་པའི་ཁར་ འཆར་གཞི་༡༢ པའི་ནང་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ ནང་སྡོད་མཐུན་རྐྱེན་ཡོད་པའི་ སློབ་གྲྭ་དང་ མི་སྡེ་གི་ ཉེ་འདབས་ལུ་ ཕྱི་སྡོད་སློབ་གྲྭ་ཚུ་ནང་ བཙུགས་དགོཔ་ཨིན་ཟེར་ བཤད་ནུག།
ཁོ་གིས་འབད་བ་ཅིན་ ལྷན་ཁག་གིས་ སློབ་གྲྭ་སྒོ་བསྡམ་ནི་གི་ཐད་ཁར་ མི་སྡེ་ལུ་ གདམ་ཁ་ཡོད་མི་ལུ་ གུས་ཞབས་ཡོད་ཟེར་ཨིནམ་ད་ ད་ལྟོ་ འཆར་གཞི་༡༢ པའི་ འཆར་གཞི་ཚུ་ ཐག་བཅད་བཟོ་བའི་བསྒང་ཡོད་པའི་ཁར་ འཆར་གཞི་དེ་ ཆ་འཇོག་གི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ བཙུགས་འོང་ཟེར་ གནས་ཚུལ་གསར་གཏོན་ནང་བཀོད་ནུག།
སྤྱི་ལོ་༢༠༡༦ ལུ་ ཤེས་རིག་སྤུས་ཚད་ཀྱི་ བསྐྱར་ཞིབ་འབདཝ་ད་ དཔྱ་སྙོམས་ནང་ སློབ་དཔོན་ཚུ་གི་ ལཱ་འགན་དེ་ཡང་ སྤྱིར་བཏང་ཞི་གཡོགཔ་གཞན་ཚུ་དང་ཕྱདཔ་ད་ སློབ་དཔོན་ཚུ་གིས་ བདུན་ཕྲག་༡ ནང་ དུས་ཡུན་ཆུ་ཚོད་༥༧.༥༡ དེ་ཅིག་ འབད་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
ཤེས་རིག་གི་ སྲིད་བྱུས་དང་འཁྲིལཝ་ད་ ལོ་༡ ནང་ སློབ་དཔོན་ཚུ་གི་ ལཱ་འབད་ནིའི་ དུས་ཚོད་ཉུང་ཤོས་ར་ ཉིནམ་༡༨༠ སྦེ་ འཁོད་དེ་ཡོད་རུང་ སློབ་དཔོན་ཚུ་གིས་ སྤྱིར་བཏང་ཞི་གཡོགཔ་དང་ཕྱདཔ་ད་ ཉིན་གྲངས་༥༥ དེ་ཅིག་ ཐེབས་འབདཝ་མས་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *