བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ སྨིན་རྗེ་རྒེད་འོག་གི་ མི་སེར་ཚུ་དང་ མཇལ་ཕྲད་གནང་པའི་བསྒང་།

འཆར་གཞི་༡༢ པའི་ནང་ སློབ་གྲྭ་ལྟེ་བ་༦༠ གཞི་བཙུགས་འབད་ནི།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ སྤྱི་ཟླ་༡༠ པའི་ཚེས་༢༡ ལུ་ སྨིན་རྗེ་རྒེད་འོག་ནང་ གཟིགས་སྐོར་གནང་པའི་སྐབས་ མི་སེར་ཚུ་ལུ་ གསུངས་མི་དང་འཁྲིལཝ་ད་ འཆར་གཞི་༡༢ པའི་ནང་ ད་རུང་ སློབ་གྲྭ་ལྟེ་བ་༦༠ གཞི་བཙུགས་འབད་ནིའི་དོན་ལུ་ མ་དངུལ་གྲ་སྒྲིག་ཡོད་ཟེར་ ཨིན་པས།
རྒཔོ་བགྲེསཔ་ ཀུན་བཟང་སྟོབས་རྒྱས་ཀྱིས་ རྒེད་འོག་ནང་ སློབ་གྲྭ་ལྟེ་བ་གཞི་བཙུགས་འབད་ནི་ཨིན་ཟེར་ གསལ་བསྒྲགས་འབད་བའི་སྐབས་ མི་སེར་ཚུ་ སེམས་དགའ་སྟེ་ཡོད་རུང་ ད་ལྟོ་ཡང་ གཞི་བཙུགས་འབད་མ་ཚུགས་མི་ལུ་བརྟེན་ སེམས་ཕམ་བྱུང་སྟེ་ཡོད་ཟེར་ བློན་ཆེན་ལུ་ ཞུ་ཡི།
མ་གཞི་ སྨིན་རྗེ་འབྲིང་རིམ་སློབ་གྲྭ་བར་མ་དེ་ སློབ་གྲྭ་ལྟེ་བ་ལུ་ བསྒྱུར་བཅོས་འབད་ཡོད་རུང་ སློབ་གྲྭའི་ཁང་མིག་དང་ གཞི་རྟེན་མཐུན་རྐྱེན་ཚུ་ ལངམ་སྦེ་ཡོདཔ་ལས་ དུས་ཅི་ བསྒྱུར་བཅོས་འབད་མ་ཚུགས་རུང་ འཆར་གཞི་༡༢ པའི་ ལོ་ངོ་དང་པའི་ནང་ གཞི་བཙུགས་གནང་ཚུགས་པ་ཅིན་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ ཞུ་ཡི།
དེ་བཟུམ་སྦེ་ རྒཔོ་བགྲེསཔ་ འཇིགས་མེད་ཚེ་དབང་གིས་ ཞུ་མིའི་ནང་ སློབ་གྲྭ་ནང་ ཨ་ལོ་བཙུགས་ནིའི་དོན་ལུ་ རྒཔོ་དང་ སློབ་གྲྭའི་དབུ་འཛིན་གཉིས་ཀྱིས་ མཉམ་རུབ་ཐོག་ལས་ ཧེ་མ་ ཕམ་ཉམ་ཆུང་གི་ཨ་ལོ་ཚུ་ ཐོ་བཀོད་འབད་བའི་ཤུལ་ལས་ གཞུང་གཡོགཔ་དང་ མི་ཕྱུགཔོ་གི་ཨ་ལོ་ཚུ་ལུ་ གོ་སྐབས་གནང་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།
བློན་ཆེན་གྱིས་ སློབ་གྲྭ་ལྟེ་བ་ཚུ་ ཚད་གཞི་དང་འཁྲིལ་ གཞི་བཙུགས་འབད་ནི་ཨིན་རུང་ སྨིན་རྗེ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ད་ལྟོ་ སློབ་ཕྲུག་བསྡོམས་༤༠༥ ལས་བརྒལ་མེད་ནི་དེ་གིས་ ཡར་སེང་འབད་མི་ཚུགས་པས་ཟེར་ གསུངས་ཡོདཔ་ཨིན།
ལྷུན་རྩེ་རྫོང་ཁག་ནང་ རྒྱལ་པོའི་ལྟོ་གཟན་༤༤ ཡོད་མི་ཚུ་ སློབ་གྲྭ་ལྟེ་བ་ཚུ་ནང་ ཡོདཔ་འོང་ཟེར་ཨིནམ་ད་ གལ་སྲིད་ སློབ་གྲྭ་ལྟེ་བའི་དོན་ལུ་ གཞུང་གཡོགཔ་གི་ཨ་ལོ་ཚུ་ གོ་སྐབས་མཇུག་སྦེ་བྱིན་པ་ཅིན་ ཞི་གཡོགཔ་ཚུ་གིས་ རྒེད་འོག་ནང་ འོང་མ་བཏུབ་པར་ ཁྲོམ་ནང་ ཨ་ལོ་བཙུགས་ནིའི་དོན་ལུ་ སྡོད་འོང་ཟེར་ གསུངས་ཡི།
ད་ལྟོ་ཚུན་ རྒྱལ་ཁབ་ནང་ སློབ་གྲྭ་ལྟེ་བ་༦༠ གཞི་བཙུགས་འབད་བའི་ཁར་ འཆར་གཞི་༡༢ པའི་ནང་ གཞུང་ག་གིས་སྐྱོང་རུང་ སློབ་གྲྭ་ལྟེ་བ་༦༠ གུ་ ཡར་སེང་འབད་ནིའི་དོན་ལུ་ མ་དངུལ་དང་ འཆར་གཞི་ཚུ་ གྲ་སྒྲིག་ཡོད་ཟེར་ གསུངས་ཡི།
བློན་ཆེན་མཆོག་གིས་ སྨད་མཚོ་རྒེད་འོག་གི་ མི་སེར་ཚུ་ལུ་ གསུངས་མིའི་ནང་ གཱོར་གཱན་དང་ ཤིང་མཁར་གྱི་བར་ན་ གཞུང་ལམ་སེལ་ནིའི་དོན་ལུ་ ཞབས་ཏོག་ལྷན་ཁག་དང་ ལྷན་ཁག་འོག་གི་ ལམ་སེལ་ལས་ཁུངས་༢ ཀྱིས་ མཉམ་རུབ་ཐོག་ལས་ མཐའ་འཁོར་ལྷན་ཚོགས་དང་ གླིང་ཁ་ཚུ་ལས་ ཆོག་ཐམ་ལེན་ནིའི་དོན་ལུ་ ཕྱག་ལཱ་གནང་པའི་བསྒང་ཡོད་ཟེར་ཨིན་མས།
གཞུང་ལམ་དེ་ སེལ་བའི་ཤུལ་ལས་ སྨད་མཚོ་རྒེད་འོག་གི་ མི་སེར་ཚུ་ གོང་འཕེལ་གཏང་ནིའི་ནང་ ཕན་ཐོགས་སྦོམ་འབྱུང་ཚུགས་ཟེར་ཨིནམ་ད་ རྒེད་འོག་གི་འཁོར་ལམ་ རྩི་ནག་གཏང་ནི་དེ་ཡང་ སྤྱི་ལོ་༢༠༡༨ ཀྱི་ཟླཝ་༡ པའི་ནང་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
དེ་ལས་ བློན་ཆེན་གྱིས་ སྨན་སྦིས་རྒེད་འོག་ནང་ བྱོན་པའི་སྐབས་ གསུངས་མིའི་ནང་ མི་སེར་ཚུ་གིས་ སོ་ནམ་གྱི་ལཱ་ རྩ་འགེངས་འབད་བའི་རྟགས་མཚན་དེ་ཡང་ རྒེད་འོག་ནང་ འཕྲུལ་གླང་པ་ཝར་ཊི་ལར་༢༣ དང་ གཞུང་གིས་གནང་མི་ པ་ཝར་ཊི་ལར་༤ ཡོད་པའི་ཁར་ ད་རུང་ ཁ་སྐོང་༡ གནང་ནི་ཨིན་ཟེར་ཨིན་པས།
རྒེད་འོག་ནང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་དེ་ བཀག་ཐབས་འབད་ནིའི་དོན་ལུ་ ད་ལས་ཕར་ གློག་ཐག་ར་བ་ ལག་ལེན་འཐབ་དགོ་ཟེར་ཨིནམ་ད་ དེའི་དོན་ལུ་ རྒེད་འོག་ལུ་ སྙན་ཞུ་འབད་ཞིནམ་ལས་ ལཱ་འབད་དགོ་ཟེར་ གསུངས་ཡི།
བློན་ཆེན་གྱིས་ ལྷུན་རྩེའི་རྒེད་འོག་ཚུ་བརྩིསཝ་ད་ ད་ཚུན་ རྒེད་འོག་༢༠༥ ལས་༡༨༥ ནང་ གཟིགས་ཞིབ་གནང་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *