༉ གཞུང་གིས་ འཆར་གཞི་༡༡ པའི་ དམིགས་གཏད་ག་ར་ འགྲུབ་ཚུགས་ནི་ཨིནམ་མ་ཚད་ འཆར་གཞི་༡༡ པ་ མཇུག་བསྡུ་བའི་བསྒང་ལས་ འཆར་གཞི་ལས་བརྒལ་བའི་ ལས་སྣ་ཚུའི་ གྲུབ་འབྲས་བཏོན་ཚུགས་འོང་ཟེར་ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཚོགས་ལྷན་བཞུགས་ནང་ རྒྱལ་ཁམས་ཀྱི་ སྙན་ཞུ་ཕུལ་བའི་སྐབས་ ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ད་ལྟོའི་གཞུང་གིས་ འཆར་གཞི་༡༡ པ་ འགོ་བཙུགས་པའི་སྐབས་ འཆར་གཞི་དེ་ གཏན་འཁེལ་མ་འགྱོཝ་མ་ཚད་ འཆར་དངུལ་ཡང་ ཐོབ་མ་ཚུགས་མི་དེ་ དོ་འགྲན་ཅན་ཨིན་རུང་ ཧེ་མ་ འཆར་དངུལ་དེ་ དངུལ་ཀྲམ་ཐེར་འབུམ་༢༠༩ ལས་ འགོ་བཙུགས་མི་དེ་གིས་ དངུལ་ཀྲམ་ཐེར་འབུམ་༢༦༡ ལུ་ ཡར་སེང་འབད་ཚུགས་མི་དེ་ ངལ་རངས་དགོ་པའི་ གཞི་ཅིག་ཨིན་མས་ཟེར་ ཞུ་ཡི།
དེའི་ནང་དོན་ཉིད་ལས་ དོ་འགྲན་སྦོམ་ཤོས་ཅིག་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ དང་པ་དང་༢ པ་དེ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ནང་འཁོད་འོང་འབབ་ཀྱི་ ཐོན་ཁུངས་ལུ་ ཐོ་ཕོག་སྟེ་ཡོདཔ་ད་ དེ་ཡང་ གློག་མེ་ལས་འགུལ་༢ པོ་ཆ་ར་ དུས་ཚོད་ཁར་ གྲུབ་མ་ཚུགས་མི་ལུ་བརྟེན་ གཞུང་ལུ་གྱོང་རྒུད་ དངུལ་ཀྲམ་ཐེར་འབུམ་༢༡ ཕོག་ཅི་ཟེར་ཞུ་ཡི།
དེ་ཡང་ བློན་ཆེན་གྱིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དེ་ སྤྱི་ལོ་༢༠༢༡ ལུ་རྐྱངམ་གཅིག་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཞུ་བའི་ཁར་ སྤུ་ན་གཙང་ཆུ་ལས་འགུལ་༢ པ་དེ་ སྤྱི་ལོ་༢༠༡༩ ལུ་ མཇུག་བསྡུ་ཚུགས་ནི་ཨིནམ་ད་ མ་གཞི་ ལས་འགུལ་དང་པ་དེ་ སྤྱི་ལོ་༢༠༡༧ དང་ ལས་འགུལ་༢ པ་དེ་༢༠༡༨ ལུ་ མཇུག་བསྡུ་དགོཔ་ཨིན་ཟེར་ ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ནང་འཁོད་ཀྱི་ འོང་འབབ་ལེགས་ཤོམ་མེདཔ་ལས་ ས་གནས་གཞུང་གི་ འཐུས་མི་རྐྱངམ་གཅིག་མ་གཏོགས་ སྤྱིར་བཏང་སྤྱི་གཡོགཔ་ཚུ་གི་ ཟླ་རིམ་དངུལ་ཕོགས་ཡར་སེང་ འབད་མི་ཚུགས་ནི་མས་ཟེར་ཨིན་པས།
མ་གཞི་ ནང་འཁོད་ཀྱི་ འོང་འབབ་ལེགས་ཤོམ་མེད་རུང་ འཆར་གཞི་༡༡ པའི་ མ་དངུལ་གྱི་ཚད་གཞི་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ འཆར་གཞིའི་དོན་ལུ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ཐེར་འབུམ་ ས་ཡ་༤༥ གྲོགས་རམ་འབདཝ་མ་ཚད་ དཔལ་འབྱོར་གོང་འཕེལ་ལྷན་ཐབས་ཀྱི་མ་དངུལ་ ཐེར་འབུམ་༥ གནང་མི་དེ་གིས་ཨིན་པས།
དེ་མ་ཚད་ ཇ་པཱན་གཞུང་གིས་ གནང་མི་གྲོགས་རམ་དེ་ གསུམ་བལྟབ་ཀྱིས་ ཡར་སེང་འབད་ཡོདཔ་མ་ཚད་ ཡི་རོ་པེ་ཡེན་མཐུན་ཚོགས་ཀྱི་ གྲོགས་རམ་མ་དངུལ་དེ་ཡང་ ལེ་ཤ་གིས་ ཡར་སེང་འབད་ནུག།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ ཞི་བདེ་དང་ དཔལ་འབྱོར་གོང་འཕེལ་ སྔར་བ་ལྷགཔ་སྦེ་ འགྱོ་མི་དེ་ མི་དབང་ཡབ་མེས་སྲས་གསུམ་གྱི་ སྐུ་དང་གྲིབ་མ་ལུ་བརྟེན་ཨིནམ་ད་ དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སའི་སྐྱིད་སྡུག་ཕོག་མི་༡༡༢,༧༤༩ ལུ་ ས་ཆ་ཨེ་ཀར་༡༣༢,༡༧༧ སྐྱིད་སྡུག་གནང་མི་དེ་གིས་ མི་སེར་གྱི་ སྐྱིད་སྡུག་སེལ་ཚུགས་ཅི་ཟེར་ ཞུ་ཡི།
དེ་ལས་ རྒྱལ་པོའི་ལྟོ་གཟན་གྱི་ སྐྱིད་སྡུག་ཐོག་ལས་ ཕམ་ཉམ་ཆུང་གི་ ཨ་ལོ་༢,༦༧༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱིད་སྡུག་ཐོག་ལས་ ཤེས་ཡོན་སྦྱང་ནིའི་ གོ་སྐབས་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ ཞུ་ཡི།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ བསྟར་སྤྱོད་འབད་ནིའི་དོན་ལུ་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ རྒྱལ་ཁབ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཞལ་འཛོམས་ཅིག་ འཚོགས་ནི་ཨིན་ཟེར་ བློན་ཆེན་མཆོག་གིས་ གསལ་བསྒྲགས་གནང་ཡོདཔ་ད་ ཞལ་འཛོམས་དེ་ལུ་བརྟེན་ ཕྱིའི་རྒྱལ་ཁབ་ཚུ་གིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ ཤེས་ནིའི་གོ་སྐབས་ཅིག་ འོང་ནི་མས་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ མི་སྡེ་གི་ འཚོ་བའི་གནས་ཚད་ ཡར་སེང་འབད་དགོ་པ་ཅིན་ གྲོང་གསེབ་གཡུས་ཚན་ གོང་འཕེལ་གཏང་དགོཔ་ཁག་ཆེཝ་ལས་ ད་རེས་ གཞུང་གིས་ རྒེད་འོག་༢༠༡ གི་ འཁོར་ལམ་རྩི་ནག་གཏང་ནི་ འགོ་བཙུགས་མི་དེ་གིས་ ད་ཚུན་ རྒེད་འོག་༨༩ གི་ རྩི་ནག་བཏང་ཚར་ཡོདཔ་ད་ རྒེད་འོག་༧༡ གི་ ལམ་སེལ་དོ་ཟེར་ཨིནམ་ད་ དེ་ལས་ རྒེད་འོག་༦༦ གི་ལམ་ཚུ་ རྩི་ནག་བཏང་པའི་བསྒང་ཡོདཔ་ད་ རྒེད་འོག་༢༤ གི་དོན་ལུ་ ལམ་སེལ་བའི་ བསྒང་ཡོད་ཟེར་ ཞུ་ཡི།
བློན་ཆེན་གྱིས་ སྙན་ཞུ་ཕུལ་མིའི་ནང་ འཁོར་ལམ་སེལ་ནི་དེ་ འཇམ་ཏོང་ཏོ་ཅིག་ཨིན་རུང་ ཉམས་བཅོས་འབདཝ་ད་ ལཱ་ཁག་ཡོདཔ་མ་ཚད་ ཟད་འགྲོ་ཆེ་བའི་ལཱ་ཅིག་ ཨིན་མས་ཟེར་ ཞུ་ཡི།
གཞུང་གིས་ ཁྲལ་ཡངས་ཀྱི་ཐོག་ལས་ སྣུམ་འཁོར་ཉོ་ནི་ལུ་ རྒྱབ་སྐྱོར་འབད་མི་དེ་གིས་ འདས་པའི་ལོ་༤ གི་ནང་འཁོད་ལུ་ གཡུས་མི་ཚུ་གིས་ སྣུམ་འཁོར་བོ་ལི་རོ་༣,༢༣༩ ཉོ་མི་དེ་ ད་ཚུན་ མཐོ་ཤོས་ཅིག་ཨིན་པས།
བརྡ་དོན་གྱི་ཐད་ལས་འབད་བ་ཅིན་ དུས་ཅིའི་ལོ་ནང་ གཡུས་ཚན་༦༠ ལུ་ འགྲུལ་འཕྲིན་གྱི་ ཞབས་ཏོག་བྱིན་པའི་སྐབས་ བརྡ་དོན་གྱི་ཞབས་ཏོག་དེ་ བརྒྱ་ཆ་ལས་བརྒྱ་ འགྲུབ་ཚུགས་འོང་ཟེར་ཨིནམ་ད་ གཡུས་ཚན་ཚུ་ནང་ སོ་ནམ་ཚོང་ཁང་ལེ་ཤ་ཡོདཔ་མ་ཚད་ དུས་ཅི་ སོ་ནམ་ཚོང་ཁང་༥༡ རྐྱབ་ནི་ཨིནམ་མ་ཚད་ ཁྱིམ་གུང་པ་༡༣༠ ལུ་ གློག་མེའི་ཞབས་ཏོག་ཡང་ བྱིན་ནི་ཟེར་ཨིན་པས།
བློན་ཆེན་མཆོག་གིས་འབད་བ་ཅིན་ དུས་ཅི་ རྒེད་འོག་༡༤༠ ལུ་ ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་འབད་ནི་ཟེར་ཨིནམ་ད་ ད་རེས་ རྒེད་འོག་༦༥ ལུ་ ས་སྣུམ་བཀྲམ་སྤེལ་ཁང་ཡོད་ཟེར་ ཞུ་ཡི།
རྒྱལ་ཁབ་ནང་ འཐུང་ཆུའི་དཀའ་ངལ་ མར་ཕབ་འབད་ནིའི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༣༥༨ བཞག་ཡོདཔ་མ་ཚད་ ཞིང་ཆུའི་དོན་ལུ་ དངུལ་ཀྲམ་ས་ཡ་༣༤༢ བཞག་ནི་ཟེར་ཨིན་པས།
དེ་ལས་ ལུང་ཕྱོགས་འདྲ་མཉམ་གོང་འཕེལ་གྱི་དོན་ལུ་ པདྨ་དགའ་ཚལ་ ངང་ལམ་ཁྲོམ་སྡེ་ བཟོ་གྲྭ་ལྟེ་བ་བཟོ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༠༠ བགོ་བཀྲམ་འབད་ནི་ཟེར་ཨིནམ་མ་ཚད་ བཀྲིས་སྒང་བཀང་ལུང་དེ་ ཤེས་རིག་གི་ ལྟེ་བ་བཟོ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༥༠ བགོ་བཀྲམ་འབད་ནི་ཟེར་ཨིན་པས།
དེ་ལས་ རྒྱུན་འགྲུལ་གྱི་ཞབས་ཏོག་ གོང་འཕེལ་གཏང་ནིའི་དོན་ལུ་ ནང་འཁོད་གནམ་གྲུའི་ཞབས་ཏོག་ འགོ་བཙུགས་མི་ལས་ བཀྲིས་སྒང་ཡོན་ཕུ་ལའི་ གནམ་ཐང་ཉམས་བཅོས་འབད་མི་དེ་ དུས་ཅི་ སྤྱི་ཟླ་༧ པ་ལས་ ལོག་ཞབས་ཏོག་འགོ་བཙུགས་ནི་ཨིནམ་མ་ཚད་ བུམ་ཐང་གི་ གནམ་ཐང་རྒྱ་བསྐྱེད་ཀྱི་ལཱ་ཡང་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཟེར་ཨིན་པས།
དེ་ལས་ གྲོང་མི་ཚུ་གི་ མི་ཤི་སྐྱིད་སྡུག་བལྟ་ནིའི་དོན་ལུ་ ད་ཚུན་ མི་གཅིག་ལུ་ ཤི་རྐྱེན་བྱུང་མིའི་ ཉེན་བཅོལ་འཐུས་ དངུལ་ཀྲམ་༡༥,༠༠༠ ཐོབ་མི་དེ་ ད་ལས་ཕར་ དངུལ་ཀྲམ་༣༠,༠༠༠ ལུ་ ཡར་སེང་འབད་ཡི་ཟེར་ བློན་ཆེན་མཆོག་གིས་ སྙན་ཞུ་ཕུལ་ཡོདཔ་ ཨིན་པའི་གནས་ཚུལ།
རྒེད་འོག་ལྟེ་བའི་ལམ་༨༩ རྩི་ནག་བཏང་ཡོདཔ།
འདས་པའི་ལོ་༤ ནང་ ཞིང་ལམ་ཀི་ལོ་མི་ཊར་༢,༧༦༦ སེལ་ཡོདཔ།
བོ་ལེ་རོ་༣,༢༣༩ ཉོ་ཡོདཔ།
ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་༧༨༣ བགོ་བཀྲམ།
འབྲུ་སྣ་མེ་ཊིག་ཊཱན་༡༧༥,༢༣༢ ཐོན་སྐྱེད་འབད་ཡོདཔ།
སྒོང་རྡོག་ཊེ་༨༠༠ འགོ་དང་པ་ ཕྱིར་ཚོང་འཐབ་ཡོདཔ།
ཁྱིམ་གུང་༡༠,༨༤༡ ལུ་ གློག་ཐག་ར་བ་ཀི་ལོ་མི་ཊར་༡༩༨ བསྒོར་ཡོདཔ།
རྒེད་འོག་དངུལ་ཁང་༡༩༨ གཞི་བཙུགས།
རྩིས་ཁྲ་༡༡,༦༩༧ ཁ་ཕྱེ་ཡོདཔ།
ས་ཡ་༢༧༡ དངུལ་བཙུགས་བཏོན།
ས་ཡ་༧༥ གསོག་འཇོག།
ཆུ་དུང་ཐོག་ལས་ འཐུང་ཆུ་ཐོབ་སྤྱོད་བརྒྱ་ཆ་༩༧།
ཆུ་གཡུར་གསརཔ་ཀི་ལོ་མི་ཊར་༧༥.༨༦ བཏོན་ཡོདཔ།
བུ་ལོན་བསྡོམས་ཐེར་འབུམ་༡༧༡ ལས་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ ཐེར་འབུམ་༡༢༣.༨།
ཟུར་གསོག་ཡུ་ཨེསི་ཌོ་ལར་ཐེར་འབུམ་༡.༠༦༧
ཕྱི་དངུལ་ཐེར་འབུམ་༧༩༢.༤
རྒྱ་གར་གྱི་རུ་པི་བརྒྱ་ཆ་༢༥
ཚོང་འབྲེལ་ཆོག་ཐམ་༣༦,༥༦༤
གུང་སྟོང་༤,༣༣༣
སྤྱི་ལོ་༢༠༡༧ ལུ་ ལཱ་གཡོག་གོ་སྐབས་༧,༡༠༡།
བསྟན་འཛིན་རྣམ་རྒྱལ།