འགྲོ་འགྲུལ་བཀག་དམ་ ཕྱེ་ནིའི་སྐོར་ལས་ ཞག་དག་པ་ཅིག་ནང་ གསལ་བསྒྲགས་འབད་ནི།

གཞུང་གིས་ འགྲོ་འགྲུལ་བཀག་དམ་ ལོག་ཕྱེ་ནིའི་སྐོར་ལས་ ཞག་དག་པ་ཅིག་ནང་ གསལ་བསྒྲགས་འབད་ནི་ཨིནམ་ལས་ ད་ལྟོ་ འཕྲོ་མཐུད་དེ་ར་ འགྲོ་འགྲུལ་བཀག་དམ་ལུ་ གནས་དགོཔ་ཨིན་པས།

མི་ཚུ་གིས་ འདས་པའི་གསལ་བསྒྲགས་སྐབས་ བློན་ཆེན་གྱིས་ འགྲོ་འགྲུལ་བཀག་དམ་དེ་ སྤྱི་ཟླ་༡ པའི་ཚེས་༢ ཚུན་ཨིན་ཟེར་ བཀོད་ཡོད་མི་ལུ་ མི་མང་ཤོས་ཅིག་གིས་ ཁ་ཙ་ལས་ བཀག་དམ་དེ་ ལོག་ཕྱེ་ནིའི་རེ་བ་བསྐྱེད་ཡོད་མི་ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ འགྲོ་འགྲུལ་བཀག་དམ་ ལོག་ཕྱེ་ནི་དེ་ གནས་སྟངས་བལྟ་ཞིནམ་ལས་མ་གཏོགས་ དེ་འཕྲོ་ལས་ ཐག་གཅད་མི་ཚུགས་ཟེར་ཨིན་པས།

བློན་ཆེན་གྱིས་ འདས་པའི་གསལ་བསྒྲགས་ནང་ ངལ་གསོ་མ་རྫོགས་ཚུན་ཟེར་ བཀོད་དེ་ཡོདཔ་ལས་ ངལ་གསོ་ཚུ་ ད་ལྟོ་ བར་ཁམས་ཅིག་ཁར་ཨིནམ་ལས་ ད་རུང་ ངལ་གསོ་ཚུ་ ཡོད་ཟེར་ཨིན་པས།

ད་ལས་ཕར་ ལོ་གསར་དང་ ངལ་གསོ་ཚུ་ རྩིས་རྐྱབ་པ་ཅིན་ སྤྱི་ཟླ་༡ པའི་ཚེས་༡༤ ལུ་ སྔར་སྲོལ་འབུལ་བའི་ ངལ་གསོ་ཨིནམ་ད་ སྤྱི་ཟླ་༢ པའི་ཚེས་༡༢ དང་༡༣ ལུ་ གནམ་ལོ་གསར་ཚེས་ཀྱི་ ལོ་གསར་ཡོདཔ་ཨིན་པས།

འགྲོ་འགྲུལ་བཀག་དམ་ཐད་ཁར་ གཞུང་གིས་ ད་རུང་ གསལ་བསྒྲགས་མ་འབད་ཚུན་ མི་མང་གིས་ འགྲོ་འགྲུལ་བཀག་དམ་ནང་ཨིནམ་སྦེ་ ཧ་གོ་དགོཔ་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ཨིན་པས།

ཐིམ་ཕུག་གི་ འགྲོ་འགྲུལ་བཀག་དམ་འབད་དེ་ ད་རིས་ བདུན་ཕྲག་༢ ལང་ནི་ཨིནམ་ད་ ཞག་༣ གྱི་ཤུལ་ལས་ རྫོང་ཁག་གཞན་ཚུ་ཡང་ བཀག་དམ་འབད་དེ་ བདུན་ཕྲག་༢ ལང་ནི་ཨིན་པས།

ཁ་ཙ་ ཀོ་བིཌ་-༡༩ ཐོབ་མི་གསརཔ་༥ བདའ་ཟུན་མི་དེ་ཡང་ ཚ་རིམས་བརྟག་དཔྱད་ལྟེ་བ་ ལྕང་གླིང་མི་ཐང་དང་ ཉི་མ་སློབ་གྲྭ་ཆེ་བའི་ ས་ཁོངས་༢ ནང་ལས་ བདའ་ཟུན་ཡོདཔ་ལས་ ད་ལྟོ་ཡང་ ནད་ཡམས་ཀྱི་གནས་སྟངས་དེ་ འགྱུར་བཞིན་དུ་ཡོད་པའི་ བརྡ་མཚོན་ཨིན་པས།

འདས་པའི་ཉིནམ་དག་པ་ཅིག་ནང་ སྤ་རོ་གི་ མི་སྡེ་ནང་ལས་ ཧེ་མ་ཐོབ་མི་ཚུ་དང་ འབྲེལ་བ་མེད་མི་ལུ་ ཀོ་བིཌ་-༡༩ ཐོབ་མི་ མ་འཐོན་རུང་ ཐིམ་ཕུག་ལས་ ཐོན་ཡོདཔ་ལས་ གཞུང་གིས་ ད་ལས་ཕར་ ངལ་གསོ་ཚུ་ག་ར་ ལྟ་དོ་ཟེར་ཨིན་པས།

ད་ལྟོའི་ དུས་ཚོད་དེ་ འབྲུག་མི་མང་ཤོས་ཀྱིས་ ངལ་གསོ་ཚུ་ འགོ་བཙུགས་པའི་བསྒང་ཨིནམ་ད་ ཕམ་སྤུན་ཆ་དང་གཉེན་ཉེཝ་ལ་སོགས་པ་ཚུ་ འཕྱད་ནིའི་དུས་ཚོད་ ངོ་མ་ཅིག་ཨིན་པས།

ད་ལས་ཕར་ ངལ་གསོ་གཙོ་ཅན་༤ ཡོད་མིའི་གྲས་ལས་ ད་རུང་ གཉིས་མ་ལྷོད་པར་ཡོདཔ་ད་ གཞུང་གིས་ མི་སྡེ་ནང་ དར་ཁྱབ་འགྱོ་ནིའི་ཉེན་ཁ་དེ་ ག་དེ་སྦེ་ར་ ཡོདཔ་ཨིན་ན་ཚུ་ ལྟ་བའི་བསྒང་ཡོད་ཟེར་གསུངས་ཡི།

བློན་ཆེན་གྱིས་ ད་ཚུན་ ནད་འབུབ་ཐོབ་མི་ཚུ་ག་ར་ ཧེ་མའི་ ས་ཁོངས་ཚུ་ནང་ལས་ ཐོན་མི་ཚུ་ཨིནམ་ལས་ བློ་བདེ་སྟེ་ཡོད་ཟེར་ གསུངས་ཡོདཔ་ད་ མི་ཚུ་གིས་འབད་རུང་ ད་རེས་ཀྱི་ དར་ཁྱབ་འགྱོ་མི་ ཐིམ་ཕུག་དང་ སྤ་རོ་གི་ ས་ཁོངས་ཚུ་ནང་ མི་སྡེའི་ནང་ལས་ གསརཔ་མ་འཐོན་མི་ལུ་ སེམས་དགའ་དགོཔ་འདུག་ཟེར་ གསུངས་ཡི།

མི་ཚུ་གིས་ ཐིམ་ཕུག་དང་ སྤ་རོ་མ་བརྩིས་བར་ རྫོང་ཁག་གཞན་ཚུ་ནང་ ནད་འབུབ་ཐོབ་མི་མེད་རུང་ ག་ཅི་སྦེ་ འགྲོ་འགྲུལ་བཀག་དམ་ འབད་བཞག་དགོཔ་ཨིན་ན་ཟེར་ དྲིས་མི་ལུ་ བློན་ཆེན་གྱིས་ ནད་འབུབ་འཐོབ་མི་མིན་འདུག་ཟེར་སླབ་ད་ ཁྱད་ཚད་ཚང་དགོཔ་ དཔེར་ན་ བཀག་དམ་གྱི་ གསལ་བསྒྲགས་མཇུག་འབད་མི་ལས་འགོ་བཙུགས་ ཉིནམ་༡༤ དེ་ཅིག་གི་ནང་འཁོད་ལུ་ རྫོང་ཁག་དེ་ཚུའི་ནང་ལས་ ནད་འབུབ་ཐོབ་མི་མེདཔ་སྦེ་ འོང་དགོཔ་ལས་ ཞག་གྲངས་ཚང་དགོ་པའི་ ཁྱད་ཚད་དེ་ ནངས་པར་རྐྱངམ་གཅིག་ ཚང་འོང་ཟེར་ཨིན་པས།

གནད་དོན་གཅིགཔོ་དེ་ གཞུང་གིས་ ཐིམ་ཕུག་དང་ སྤ་རོ་གི་ ས་ཁོངས་ཚུ་ནང་ལས་ བདའ་མ་ཟུན་པར་ ལུས་མི་རེ་ མེད་ག་ཟེར་བའི་ ཚ་གྱང་དང་ གཞུང་གིས་ ནད་འབུབ་ཐོབ་མི་མེདཔ་ ངེས་བདེན་བཟོ་ཐབས་ལུ་ བརྟག་དཔྱད་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།

རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཁ་ཙ་ལས་འགོ་བཙུགས་ ཐིམ་ཕུག་བརྒྱུད་དེ་ རྫོང་ཁག་གཞན་ཚུ་ནང་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

དེ་ཡང་ འགྲོ་འགྲུལ་བཀག་དམ་སྐབས་ བཟའ་འཐུང་གི་རིགས་ཚུ་ མ་ཆད་པར་ རྫོང་ཁག་ཚུ་ནང་ བཀྲམ་སྤེལ་འབད་ནི་དང་ ནད་འབུབ་དར་ཁྱབ་འགྱོ་ནིའི་ཉེན་ཁ་ མར་ཕབ་འབད་ཐབས་ལུ་ཨིན་པས།

རྫོང་ཁག་གཞན་ཁ་ལས་ ཐིམ་ཕུག་ལུ་ ཅ་ཆས་འབག་འོང་མི་ཚུ་གིས་ དོ་ཚུ་བསྐྱལ་ཚར་བའི་ཤུལ་ལས་ ལོག་འཐོན་འགྱོ་དགོ་པའི་ས་ཁོངས་ནང་ དེ་འཕྲོ་ལས་ བསྐྱལ་ནི་ཨིན་པའི་ཁར་ སྣུམ་འཁོར་འཐོན་འཛུལ་འབད་མི་ཚུ་ཡང་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ ངོས་ལེན་འབད་དགོཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *