འགྲོ་འགྲུལ་བཀག་དམ་སྐབས་ ཞབས་ཏོག་མཁོ་སྤྲོད་ཚུ་ ལེགས་ལྡན་དགོཔ།

༉ འགྲོ་འགྲུལ་བཀད་དམ་འབད་བའི་སྐབས་ དམིགས་བསལ་དུ་ མི་མང་གི་ཞབས་ཏོག་ཚུ་ མཁོ་སྤྲོད་འབད་ནི་ལུ་ གདོང་ལེན་བྱུང་མི་ལུ་བརྟེན་ བཀད་དམ་ལྷོད་ཡངས་གཏང་ནི་བ་ འཇོན་ཐངས་ཅན་གྱི་ ཞབས་ཏོག་མཁོ་སྤྲོད་འབད་ནི་དེ་ ཁག་ཆེ་དྲགས་སྦེ་ མཐོངམ་ཨིན་མས།

ཉིན་གྲངས་༡༨ ཀྱི་རིང་ འགྲོ་འགྲུལ་བཀག་དམ་འབད་མི་ ཕུན་ཚོགས་གླིང་ལུ་ ད་རེས་ ཉེན་ཁ་ཆེ་ཧིང་དང་བསྟུན་ འགྲོས་ཀྱིས་སྦེ་ གོ་རིམ་བཞིན་དུ་ ལྷོད་ཡངས་གཏང་ནི་ འགོ་བཙུགས་ནུག།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་སྡོད་མི་ཚུ་གིས་ འགྲུལ་སྐྱོད་ཆོག་ཐམ་འབག་སྟེ་ ཁོང་རའི་ ས་ཁོངས་ནང་འཁོད་ལུ་ དྲོ་པའི་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༧ ཚུན་ ཉེ་བར་མཁོ་བའི་ཅ་ཆས་ཚུ་ ཉོ་སྤྱོད་འབད་ནིའི་དོན་ལུ་ འགྲོ་འགྲུལ་འབད་ཆོགཔ་ཨིན་མས།

དེ་མ་ཚད་ གློ་བུར་གྱི་ཞབས་ཏོག་ དཔེ་འབད་བ་ཅིན་ ནདཔ་ཚུ་གི་དོན་ལུ་ སྨན་བཅོས་ཞབས་ཏོག་ལེན་ནི་དང་ གནང་བ་ཡོད་མི་སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཆོག་པའི་ཁར་ གསོན་གཤིན་གྱི་ རིམ་གྲོ་འབད་ནིའི་དོན་ལུ་ བཟའ་ཚང་གི་ འཐུས་མི་༡༠ ལས་བརྒལ་ འཛོམས་མ་ཆོགཔ་ཨིན་མས།

གལ་སྲིད་ ཁྲོམ་ཁར་སྡོད་མི་ཚུ་གི་དོན་ལུ་ དགོས་མཁོ་ཅན་གྱི་ ཅ་ཆས་དང་ཞབས་ཏོག་ཚུ་ ཁྱིམ་སྒོ་ཚུན་ མཁོ་སྤྲོད་འབད་མ་ཚུགས་པ་ཅིན་ དབུགས་འགམ་འབྱུང་ནི་ཨིནམ་མ་ཚད་ ལ་ལོ་ཅིག་གིས་ བྱ་ཐབས་མེད་པར་ ལམ་ལུགས་ལས་འགལ་མི་ཡང་ འཐོན་སྲིན་ནིའི་ཉེན་ཁ་འདུག།

ཀོ་བིཌ་-༡༩ འི་ནད་འབུབ་ཚུ་ ཁྱད་རྣམ་འགྱུར་མི་དང་བསྟུན་ ཁྱབ་སྤེལ་མགྱོགས་དྲགས་འགྱོ་དོ་ཡོདཔ་ལས་ ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ ནད་ཡམས་ཐོབ་མི་དང་ ཤི་རྐྱེན་བྱུང་མིའི་གྱངས་ཁ་ ཉིན་བསྟར་བཞིན་དུ་ ཡར་འཕར་སོང་སྟེ་ གནས་སྟངས་ཚབས་ཆེན་བྱུང་སྟེ་འདུག།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཁབ་ནང་ ཟུར་བཞག་གི་ལམ་ལུགས་ཚུ་ སྒྲིང་སྒྲི་ཡོདཔ་མ་ཚད་ གསོ་བའི་བསླབ་བཀོད་ཚུ་ ཕན་ནུས་ཅན་སྦེ་ཡོད་ནི་དེ་གིས་ ད་ལྟོ་ཚུན་ ཉེན་ཁ་ཅན་གྱི་ གནས་སྟངས་ལུ་མ་ཐུག་རུང་ སྔོན་བཤད་འབད་མི་ཚུགས།

ནད་ཡམས་སྔོན་འགོག་དང་ བཀག་ཐབས་དོན་ལུ་ ཐབས་ལམ་ངོ་མ་ཅིག་ ནད་ཡམས་ཀྱི་སྐོར་ལས་ ཤེས་ཡོན་བྱིན་ནི་དང་ བརྡ་དོན་སྤེལ་ནི་དེ་ཨིནམ་ལས་ གཙོ་རིམ་བཟུང་དགོཔ་འདུག།

ཕུན་ཚོགས་གླིང་གི་ ས་མཚམས་ཁྲོམ་སྡེ་དེ་ ད་རེས་ནངས་པར་ ནད་ཡམས་ཐོབ་མི་དང་ ཤི་རྐྱེན་བྱུང་མིའི་གྱངས་ཁ་ ཡར་འཕར་འགྱོ་དོ་ཡོད་མི་ རྒྱ་གར་ནུབ་བེང་གཱལ་གྱི་ ཉེ་འདབས་ལུ་ཨིནམ་ལས་ ཁྲོམ་གྱི་ས་ཁོངས་ནང་སྡོད་མི་ཚུ་ ལྷག་པར་དུ་ ཚ་གྱང་ལང་བའི་ཁར་ འདྲོག་བྱེལ་འཐབ་པའི་ བསམ་ཚུལ་ཚུ་བཤདཔ་ཨིན་མས།

རྒྱུ་མཚན་འདི་ལུ་བརྟེན་ ཕུན་ཚོགས་གླིང་ལུ་ འགྲོ་འགྲུལ་བཀག་དམ་གི་ ཡངས་ཆག་ཧྲིམ་བུམ་གཏང་པ་ཅིན་ ཉེན་ཁ་ཚབས་ཆེན་འབྱུང་ནི་ཨིནམ་མ་ཚད་ ནད་ཡམས་ཐོབ་མིའི་ གནད་དོན་ཡང་ ཡར་སེང་འགྱོ་ནི་ཨིན་མས།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཐབས་ལམ་དྲག་ཤོས་དེ་ར་ ཁྲོམ་ནང་སྡོད་མི་ཚུ་གི་དོན་ལུ་ ཉེ་བར་མཁོ་བའི་ཞབས་ཏོག་ཚུ་ ཚུལ་མཐུན་སྤྲོད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་འདུག།

མ་གཞི་ འགྲོ་འགྲུལ་བཀག་དམ་འབད་མི་དེ་ ས་གནས་ནང་སྡོད་མི་ཚུ་ལུ་ སྟབས་མ་བདེཝ་བཟོ་ནི་མེན་པར་ གཙོ་བོ་ར་ ཉེན་སྲུང་གི་མཐའ་དོན་ལུ་ཨིནམ་སྦེ་ ཤེས་རྟོགས་འབྱུང་དགོཔ་འདུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *