འགྲོ་འགྲུལ་བཀག་དམ་ལུ་བརྟེན་ དྲན་ཚོར་དང་ ཉམས་མྱོང་།

༉ ནད་ཡམས་ཀོ་བིཌ་-༡༩ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་དང་ བཀག་འཛིན་འབད་ནིའི་དོན་ལུ་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་འབད་བའི་ ནམ་དུས་ལུ་ ཉེ་བར་མཁོ་བའི་ བཟའ་འཐུང་གི་རིགས་དང་ ཅ་ཆས་ཚུ་ དཀའ་ངལ་མེད་པར་ འཐོབ་ཚུགསཔ་སྦེ་ བཟོ་ནི་ལུ་ གཙོ་རིམ་བཟུང་དགོཔ་འདུག།

ཨིན་རུང་ ཕྱོགས་གཅིག་ལས་བལྟ་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ རྒྱལ་ཁབ་ནང་ དཔེ་འབད་བ་ཅིན་ ཀེ་བ་གི་ མཁོ་འདོད་སྦོམ་ཡོད་རུང་ སོ་ནམ་པ་ཚུ་ ཀེ་བ་བཙོང་མ་ཚུགས་པའི་ དཀའ་ངལ་བྱུང་མི་དེ་ ཁ་ཉེས་ག་ལུ་བཀལ་ནི་ཨིན་ན? མ་གཞི་ ཚོང་ལམ་ལེགས་ཤོམ་མེད་པའི་ གནས་སྟངས་ཅིག་ཨིནམ་འོང་།

འདི་བཟུམ་མའི་ གཞི་ཁུངས་མེད་པའི་ རྩོད་བསྡུར་འབད་ནི་དང་ གཅིག་གིས་གཅིག་ལུ་ ཧད་བཏགས་ཕུལ་ནི་དེ་ ང་བཅས་ཀྱིས་ ལེགས་ཤོམ་སྦེ་ར་ ཧ་གོ་ཡི།

སོ་ནམ་པ་ཚུ་གི་ཐད་ཁར་ ཁོང་ར་ བཟའ་སྤྱོད་འབད་ནིའི་དོན་ལུ་ ག་ཅི་ར་ བསགས་བཞག་སྟེ་འབད་རུང་ ནད་ཡམས་ཀོ་བིཌ་-༡༩ འི་ གདོང་ལན་དོན་ལུ་ རྒྱལ་ཡོངས་ཀྱི་ བརྩོན་ཤུགས་ལས་རིམ་ནང་ ཞལ་འདེབས་ཕུལ་བའི་ མངོན་གསལ་བྱུངམ་ཨིན་མས།

དེ་འབདཝ་ད་ ལས་ཚོགས་ཚུ་གིས་ ཁོང་རའི་ སྙན་གྲགས་ཀྱི་དོན་ལུ་ ག་ཐོབ་རྐྱབ་དོ་ཡོདཔ་མ་ཚད་ སོ་ནམ་གྱི་ཐད་ཁར་ ཚོང་འབྲེལ་ངེས་བརྟན་མེདཔ་སྦེ་ སླབ་ཨིན་མས།

རྒྱལ་ཁབ་ནང་ ཀུན་གྱིས་མཁྱེན་གསལ་ཆེ་དོ་བཟུམ་སྦེ་ ན་གཞོན་ལཱ་གཡོག་མེད་པའི་གྱངས་ཁ་ ཡར་སེང་འགྱོ་བའི་ཁར་ བཟའ་འཐུང་གི་རིགས་ཚུ་ གཞན་ལུ་བརྟེན་སྡོད་མི་དེ་དང་ ང་བཅས་ར་ སོ་ནམ་གྱི་ལཱ་འབད་མི་ རྒྱལ་ཁབ་ཅིག་ཨིན་ཟེར་མི་ མིང་དོན་གཉིས་ མཐུན་འགྲིག་བཟོ་དགོཔ་ཅིག་འདུག།

ཨིན་རུང་ ནམ་གཅིག་གི་ཚེ་ བཟའ་འཐུང་གི་ཐད་ཁར་ རང་ལྡང་འབད་ཚུགས་པའི་ གོ་སྐབས་འབྱུང་ཚུགས་ནིའི་དོན་ལུ་ གཞུང་གིས་ ཤེས་རིག་གི་ལམ་ལུགས་ནང་ གསར་བཏོད་ཅན་གྱི་ ཐབས་བྱུས་ཚུ་ ངེས་པར་དུ་ ལྷན་འདེབས་འབད་དགོཔ་འདུག།

འབྲུག་གི་དོན་ལུ་ སོ་ནམ་ལས་དོན་ནང་ གོ་སྐབས་སྦོམ་ཡོདཔ་ལས་ མི་སྡེའི་འབྲེལ་གཏོགས་ཐོག་ སོ་ནམ་གྱི་གནད་དོན་ནང་ དམིགས་བསལ་དུ་ བཙོན་ཤུགས་བསྐྱེད་དེ་ ཡར་དྲག་གཏང་ནིའི་དུས་ཚོད་ ན་འཐདན་ར་ རན་མཆིས་ནུག།

ང་བཅས་རའི་ རྒྱལ་ཁབ་འདི་ གངས་རི་ཅན་གྱི་ རྒྱལ་ཁབ་ཅིག་ཨིན་པའི་ཁར་ སྟོབས་ཤུགས་ཅན་དང་ ཡར་རྒྱས་མགྱོགས་དྲགས་འགྱོ་མི་ རྒྱལ་ཁབ་སྦོམ་གཉིས་ཀྱི་བར་ན་ཨིནམ་ལས་ སོ་ནམ་དང་འབྲེལ་བའི་ གནད་དོན་ཚུ་ ག་ཅིའི་ཐད་ལས་འབད་རུང་ གདམ་ཁ་གལ་ཅན་ཚུ་ རྐྱབ་དགོཔ་འདུག།

དུས་ཅི་གི་ཐད་ཁར་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཁྱབ་སྤེལ་འགྱོ་མི་དང་ ནད་ཡམས་སྔོན་འགོག་དང་ བཀག་འཛིན་འབད་ནིའི་དོན་ལུ་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ ལེན་ཐེངས་གཉིས་འབད་མི་དེ་གིས་ འབྲུག་མི་ག་ར་ དྲན་ཤེས་བཏོན་བཅུག་པའི་ཁར་ ཉམས་མྱོང་ཡང་ ལེ་ཤ་ཅིག་ར་ ཐོབ་ཚུགས་ཡི།

དེ་འབདཝ་ལས་ ད་ལས་ཕར་ ཉམས་མྱོང་ཐོབ་མི་ཚུ་དང་བསྟུན་ ང་བཅས་རའི་ གོང་འཕེལ་གྱི་ གཙོ་རིམ་ཚུ་ལུ་ ལམ་སྟོན་དང་ སྣ་ཁྲིད་འབད་དེ་ ཡར་དྲག་གཏང་དགོཔ་འདུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *