འགྲོ་འགྲུལ་བཀག་དམ་གྱིས་ ཚོས་གཞི་དམརཔོ་ནང་ཚུད་མི་ཚུ་ལུ་ ཐོ་ཕོག་དོ་ཡོདཔ།

༉ མ་གཞི་ གྲོང་གསེབ་ཚུ་ནང་ ནད་ཡམས་ཁྱབ་སྤེལ་མངམ་སྦེ་ འགྱོ་འགྱོཝ་མེད་རུང་ དམིགས་བསལ་དུ་ ཚོས་གཞི་དམརཔོ་ནང་ཚུད་མི་ ས་ཁོངས་ཚུ་ནང་གི་ མི་སེར་ཚུ་ལུ་ འགྲོ་འགྲུལ་བཀག་དམ་གྱིས་ ཐོ་སྦོམ་སྦེ་ར་ ཕོག་དོ་ཡོདཔ་ཨིན་པས།

དེ་དང་འཁྲིལ་ མཁོ་གལ་ཆེ་བའི་ཅ་ཆས་ཚུ་ ནད་ཡམས་ཁྱབ་སྤེལ་མར་ཕབ་འབད་ནིའི་དོན་ལུ་ བརྩམས་ཡོད་པའི་ ལམ་ལུགས་ཐོག་ལས་ བགོ་ཀྲམ་འབད་དགོཔ་སྦེ་ བཟོ་ཡོད་རུང་ ཅ་ཆས་ཀྱི་ ཐོ་ཡིག་ཚུ་ ཡོངས་རྫོགས་མེདཔ་ལས་ སྤ་རོ་ཤར་པའི་ ས་གནས་གཞུང་གི་ ལས་བྱེདཔ་ཚུ་གིས་ མི་སེར་གྱི་ དགོས་མཁོ་འགྲུབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།

ས་གནས་གཞུང་གིས་ འགྲོ་འགྲུལ་བཀག་དམ་དེ་ ག་དེ་དྲག་དྲག་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་རུང་ ལས་བྱེདཔ་༨ ཀྱིས་ མི་སེར་༧༠༠ གི་ དགོས་མཁོ་འགྲུབ་ནི་དེ་ གདོང་ཅན་ཅིག་ལུ་ འགྱུར་དོ་ཡོདཔ་ཨིན་པས།

ཤར་པ་རྒཔོ་ བཙན་སྐྱོགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ད་རེས་ འགྲོ་འགྲུལ་བཀག་དམ་འབད་དེ་ བདུན་ཕྲག་༡ ལང་པའི་བསྒང་ལས་ར་ གནད་དོན་ལེ་ཤ་ཅིག་ར་ ཐོན་ཡི་ཟེར་ཨིན་པས།

མི་སེར་ཚུ་གིས་ མཁོ་གལ་ཆེ་བའི་ བཟའ་འཐུང་བཀྲམ་སྤེལ་ འབད་དགོཔ་མ་ཚད་ འཐུང་ཆུའི་དཀའ་ངལ་ཡང་ སེལ་ཐབས་འབད་དགོཔ་ད་ ཞིང་ཚུ་ནང་ལས་ རྟ་ནོར་སེམས་ཅན་ཚུ་ བདའ་གཏང་ནི་ཚུ་ཡང་ ས་གནས་གཞུང་གི་ འགོ་དཔོན་ཚུ་ལུ་ བཀལ་ཏེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ ཁོང་གིས་ ས་མར་ཁུ་དང་ ཏམ་ཁུ་ཚུ་གིས་མ་ཚད་ ཕོ་མཚན་ཤུབས་དང་ ཨ་ལོ་ཆགས་ནི་ལས་ བཀག་ཐབས་ཀྱི་ ཅ་ཆས་གཞན་ཚུ་ཡང་ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།

ཨིན་རུང་ མི་སེར་ལ་ལོ་ཅིག་གིས་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་གིས་ ཁོང་གི་ཞིང་ཁར་ ཆུ་དཔག་ནི་དང་ སྒོ་ནོར་འགོ་དཔོན་ཚུ་གིས་ ནོར་གྱི་རྩྭ་ཆག་བྱིན་དགོཔ་ དེ་ལས་ རྒྱང་མཐོང་གི་རྒྱུན་ལམ་ཚུ་ བཟོ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ ག་དེམ་ཅིག་སྦེ་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་གིས་ མི་སེར་ཚུ་གི་ལཱ་ཚུ་ འབད་མ་ཚུགས་པ་ཅིན་ མི་སེར་ཁོང་ར་ཆ་ཁྱབ་ ཁྱིམ་ནང་ལས་ཐོན་ཏེ་ ལཱ་འབད་བར་ འོངམ་མས་ཟེར་ཨིན་པས།

རྒཔོ་བཙན་སྐྱོགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ མི་སེར་ལ་ལོ་ཅིག་གིས་ ལག་པར་ཡོད་མི་ ཏི་རུ་རྫོགས་སོཔ་ལས་ ཏི་རུ་དགོ་པའི་ ཉོགས་བཤད་བཀོད་ཡི་ཟེར་ཨིནམ་ད་ ཨིན་རུང་ རྫོང་ཁག་ཀོ་བིཌ་ལས་བྱེད་ཚོགས་ཆུང་གིས་ དངུལ་ཁང་གིས་སྦེ་ དཀའ་ངལ་ཚུ་ བསལ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ འགྲོ་འགྲུལ་བཀག་དམ་དེ་ ད་རུང་ བདུན་ཕྲག་༡ དེ་ཅིག་ ཕར་འགྱངས་འབད་བ་ཅིན་ དུས་མཐུན་གྱི་ ལཱ་ཚུ་ཕྱིས་ནི་དང་ ནོར་གྱི་རྩྭ་ཆག་རྫོགས་ནི་ དེ་ལས་ ནང་འཁོད་རྩུབ་སྤྱོད་ཚུ་ མང་སུ་འཐོན་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།

ཨ་རྟག་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ གཡུས་མི་ཚུ་གིས་ ཞིང་བརྐོ་སྟེ་ དཀར་དང་ ནོར་གྱི་རྩྭ་བཏབ་ནི་ ཀེ་བ་བཙུགས་ནི་ ཨེ་པཱལ་ལྡུམ་ར་ནང་ ཆུ་དཔག་ནི་ དེ་ལས་ ལོ་ཆོག་ཚུ་ གཏངམ་ཨིན་པས།

རྒེད་འོག་གཞན་ཚུ་ནང་འབད་བ་ཅིན་ གཡུས་མི་ཚུ་གིས་ ཨ་རྟག་གི་ལཱ་ཚུ་ བར་ཆད་ག་ནི་ཡང་མེད་པར་ འབད་ཚུགས་ཏེ་ཡོདཔ་ཨིན་པས།

ནགས་རྒྱ་རྒཔོ་ ཀུན་ལེགས་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་འབད་དེ་ ཉིནམ་༣ གྱི་ནང་འཁོད་ལུ་ མི་སེར་ཚུ་གིས་ མཁོ་ཆེ་བའི་ ཅ་ཆས་དང་ ནོར་གྱི་རྩྭ་ཚུ་ ལངམ་སྦེ་ར་ གསོག་འཇོག་འབད་ཡོདཔ་བཞིན་དུ་ དཀའ་ངལ་སྦོམ་མ་འཐོན་ཟེར་ཨིན་པས།

མི་སེར་ཚུ་ལུ་ ཚོད་བསྲེ་སྐམ་ཚུ་ཡང་ལངམ་སྦེ་ཡོདཔ་ལས་ ཚོད་བསྲེའི་མཁོ་འདོད་བཀོད་མི་ཡང་ མ་འཐོན་ཟེར་ཨིན་པས།

ཧཱ་དགའ་སྐྱིད་གླིང་རྒཔོ་ དགེ་བཤེས་ཀྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ འདས་པའི་འགྲོ་འགྲུལ་བཀག་དམ་གྱི་ ཉམས་མྱོང་ལུ་བརྟེན་ ག་ཅི་ར་འབད་རུང་ ལངམ་སྦེ་བཞག་པའི་ཁར་ རྒེད་འོག་ནང་འཁོད་ལུ་ འགྲོ་འགྲུལ་འབད་ཆོགཔ་ལས་ དཀའ་ངལ་སྦོམ་ མ་འཐོན་ཟེར་ཨིན་པས།

དེ་མ་ཚད་ རྫོང་ཁག་གིས་ ལྷོ་མཚམས་ས་ཁོངས་ཚུ་ནང་ ཚོད་བསྲེའི་རིགས་ཚུ་ ལེགས་ཤོམ་སྦེ་ བཙོང་ཚུགས་ཏེ་ཡོད་ཟེར་ རྒཔོ་དགེ་བཤེས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *