འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཐོག་ལས་ ཚོགས་རྒྱན་བཙུགས་ནི་དེ་ ནངས་པར་ལས་འགོ་བཙུགས་ནི།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ ལག་ལེན་འཐབ་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་ལམ་ལུགས་དེ་ ནངས་པ་ལས་ འགོ་བཙུགས་ནི་ཨིནམ་ལས་ ཚོགས་རྒྱན་བཙུགས་པར་ འོང་གནང་ཟེར་ཨིན་པས།
དེ་བཟུམ་གྱི་ལམ་ལུགས་ཐོག་ སྤྱི་ཟླ་༤ པའི་ཚེས་༡༢ ལས་༡༤ ཚུན་ ཞབས་ཏོག་བྱིན་ནི་ཨིནམ་ལས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ ལག་ལེན་འཐབ་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་མི་ཚུ་གིས་ ཉིན་གྲངས་༣ གྱི་ནང་འཁོད་ལུ་ ཚོགས་རྒྱན་བཙུགས་དགོཔ་ཨིནམ་ད་ དེ་ལས་བརྒལ་བ་ཅིན་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མི་འཐོབ་ནི་ཨིན་པས།
ལམ་ལུགས་དེ་དང་འཁྲིལ་བ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ས་ཁོངས་དེ་ནང་སོང་སྟེ་ རང་གིས་ གདམ་འཐུ་འབད་མི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་དེ་ འགྲེམ་ཐོག་རྒྱན་ཤོག་ཐོག་ལས་བཙུགས་ཏེ་ ཚོགས་རྒྱན་དེ་ བཙག་འཐུ་འགོ་དཔོན་ཚུ་ལུ་སྤྲོད་ནི་ཨིནམ་བཞིན་དུ་ འོག་དཔོན་ཚུ་གིས་ རང་སོའི་འདེམས་ཁོངས་ཚུ་ནང་ གཏང་ནི་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མགྲིན་ཚབ་བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ལམ་ལུགས་དེའི་ཐོག་ལས་འབད་རུང་ འགྲེམ་ཐོག་རྒྱན་ཤོག་དེ་ བཙག་འཐུ་འགོ་དཔོན་རེ་གིས་ མི་རེ་ལས་ འགྲེམ་ཐོག་རྒྱན་ཤོག་རེ་ ལེན་ནི་ཨིནམ་ལས་ སྤྱིར་བཏང་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་དོ་བཟུམ་ཅིག་རང་ཨིན་ཟེར་ཨིན་པས།
གསལ་བསྒྲགས་དང་འཁྲིལ་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་སྦེ་ ཐོ་བཀོད་འབད་མི་ མི་ངོམ་ཚུ་གིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ནང་ ཐོ་བཀོད་འབད་བའི་སྐབས་ རང་གི་གདམ་ཁ་རྐྱབ་ཡོད་པའི་ས་གནས་ཁར་ གོང་འཁོད་སྤྱི་ཚེས་ནང་ བྱོན་གནང་ཟེར་ཨིན་པས།
འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་དེ་ རྫོང་ཁག་༢༠ ག་རའི་ནང་ གཞི་བཙུགས་འབད་དེ་ཡོདཔ་ད་ དེ་བཟུམ་གྱི་ཞབས་ཏོག་ གཞི་བཙུགས་འབད་མི་དེ་ རང་སོའི་འདེམས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་པར་འགྱོ་ནི་ལུ་ བྱ་སྟབས་མ་བདེ་མི་ཚུ་གི་དོན་ལུ་ཨིན་པས།
བསོད་ནམས་སྟབས་རྒྱས་ཀྱིས་འབད་བ་ཅིན་ ཚོགས་རྒྱན་དེ་ རང་མོས་དང་རྣམ་དག་གི་ཐོག་ལས་ བཙུགས་ཚུགས་པའི་གོ་སྐབས་ཡོད་མི་དེ་ འགྲེམ་ཐོག་ཚོགས་ རྒྱན་སྤྲོད་བར་འགྱོ་བའི་སྐབས་ མི་རང་རྐྱང་འགྱོ་ནི་ཨིན་པའི་ཁར་ ཚོགས་རྒྱན་ལེན་མི་ བཙག་འཐུའི་འགོ་དཔོན་ཡང་ ཚོགས་རྒྱན་བཙུགས་མི་རེ་ལུ་ རེ་རེ་བགོ་བཀྲམ་འབད་དེ་ ཡོད་ཟེར་ཨིན་པས།
ལམ་ལུགས་དེའི་ཐོག་ལས་ དབང་པོ་དང་ཡན་ལག་ལུ་ ཐོ་ཕོག་མི་ཚུ་གི་དོན་ལུ་ ཚོགས་རྒྱན་བཙུགས་ནིའི་ རྒྱབ་སྐྱོར་འབྱིན་ནི་ཨིནམ་ད་ བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཧེ་མ་དང་ཕྱདཔ་ད་ དུས་ཅི་ ལམ་ལུགས་ལེགས་བཅོས་འབད་མི་དང་འཁྲིལ་བ་ཅིན་ མིག་གི་དབང་པོ་ལུ་ཐོ་ཕོག་མི་ཚུ་གིས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཆ་རོགས་འཁྱིད་འགྱོ་བའི་སྐབས་ ཚུལ་དང་མ་མཐུན་པའི་ལཱ་ མི་འབད་ནིའི་དོན་ལུ་ བཙག་འཐུ་འགོ་དཔོན་ཅིག་གིས་ ལྟ་རྟོག་འབད་ནི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ མིག་གི་དབང་པོ་ལུ་ཐོ་ཕོག་མི་དང་ མི་ངོམ་དེའི་ཆ་རོགས་འབད་མི་ ཁོང་༢ ལས་བརྒལ་ གཞན་ག་ཡང་ ཚོགས་རྒྱན་འཕྲུལ་ཆས་ཀྱི་ ས་ཁོངས་ནང་འགྱོ་ནི་མེདཔ་ལས་ ཚོགས་རྒྱན་དེ་ དབང་པོ་ལུ་ཐོ་ཕོག་མིའི་ རེ་འདོད་དང་བསྟུན་མེན་པར་ ཆ་རོགས་འབད་མི་གིས་ ག་དགའཝ་ཅིག་ལུ་བཙུགས་ནིའི་ ཉེན་ཁ་ཡང་སྡོད་ཡི་ཟེར་ཨིན་པས།
འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཐོག་ལས་ ཚོགས་རྒྱན་དེ་ སྤྱི་ཟླ་༤ པའི་ཚེས་༡༢ དང་༡༣ དེ་ལས་ ཚེས་༡༤ ནང་བཙུགས་དགོ་མི་དེ་ ཚོགས་རྒྱན་ཚུ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཚོགས་རྒྱན་འགོ་འདྲེན་འཐབ་པའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ རང་སོའི་འདེམས་ཁོངས་ཚུ་ནང་ ལྷོད་དགོ་ནི་དེ་གིས་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *