འགྲེམ་ཐོག་ཚོགས་རྒྱན་ལྷན་ཐབས་ སྤྱི་ཟླ་༤ པའི་ཚེས་༡༢-༡༤ ཚུན་བཙུགས་ནི།

འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལས་ མི་གྲངས་༨༨,༩༡༥ དེ་ཅིག་གིས་ ཐོ་བཀོད་འབད་ནུག།

༉ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༣ པའི་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལས་ མི་གྲངས་༨༨,༩༡༥ དེ་ཅིག་གིས་ ཐོ་བཀོད་འབད་ནུག།
དེ་གི་གྲས་ལས་ མི་༥༩,༧༤༩ གིས་ འགྲེམ་ཐོག་ཚོགས་རྒྱན་ལྷན་ཐབས་ ས་ཁོངས་ཚུ་ནང་ལས་ ཚོགས་རྒྱན་བཙུགས་ནི་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་ ཐོ་བཀོད་འབད་མི་ཡང་ ཞི་གཡོགཔ་དང་ ལས་གཡོགཔ་ དྲག་ཁག་གསུམ་གྱི་དམག་མི་ དེ་ལས་ སློབ་ཕྲུག་ཚུ་ཨིནམ་ད་ མ་གཞི་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ ས་ཁོངས་༦༤ བཟོ་ཡོད་རུང་ ས་གོ་དེ་ཚུ་ནང་ ཚོགས་རྒྱན་བཙུགས་ནི་ལུ་ དང་འདོད་བསྐྱེད་མི་ མངམ་ཐོན་མི་ལུ་བརྟེན་ ད་རུང་ ས་གོ་ཁ་སྐོང་༥ བཟོ་ཡོདཔ་ཨིན་པས།
རྒྱལ་ས་ལྟེ་བ་ལུ་འབད་བ་ཅིན་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་དང་ བཙག་འཐུ་ལྷན་ཚོགས་ཡིག་ཚང་བརྩིས་ཏེ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་སའི་ ས་གོ་༡༠ འོང་ནི་ཨིནམ་ད་ ལྷན་ཚོགས་ཀྱིས་ ས་ཁོངས་༡ ཐིམ་ཕུག་ཁྲོམ་གྱི་ ཆུ་ཚོད་འཁོར་ལོ་རྐ་ཆེན་གྱི་རྩ་བར་ བཟོ་ཡོད་རུང་ ཚོགས་རྒྱན་བཙུགས་མི་ མངམ་གིས་ ཐོ་བཀོད་འབད་མི་ལུ་བརྟེན་ ལྕང་གླིང་མི་ཐང་ལུ་ཡོད་མི་ བརྒྱ་འཁོར་ཨ་ལོ་གླིང་གའི་ སྦོ་ལོགས་ཁར  སྤོ་སོར་འབད་དགོཔ་བྱུང་ནུག།
འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ ས་ཁོངས་བཟོ་མི་དེ་ ལམ་ལུགས་གསརཔ་ཅིག་ཨིནམ་ད་ ས་ཁོངས་དེ་ནང་ ཚོགས་རྒྱན་བཙུགས་པར་ འོང་མི་ཚུ་གིས་ ཚོགས་རྒྱན་འཕྲུལ་ཆས་ ལག་ལེན་འཐབ་མི་དགོ་ནི་ཨིན་པས།
དེ་ཡང་ ཚོགས་རྒྱན་བཙུགས་པར་ འོང་མི་ཚུ་གིས་ ཚོགས་རྒྱན་འགོ་དཔོན་ཚུ་ལུ་ རང་སོའི་ངོས་འཛིན་འདྲ་པར་བཏོན་དགོཔ་བཞིན་དུ་ འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ འབྲི་ཤོག་བྱིན་ནི་ཨིནམ་ད་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རང་སོའི་འདེམས་ངོ་ལུ་ ཚོགས་རྒྱན་བཙུགས་པའི་ཤུལ་ལུ་ ཡིག་ཤུབས་ནང་བཙུགས་ཏེ་ ཐིའུ་རྐྱབ་ཞིནམ་ལས་ སྒྲོམ་ནང་བཙུགས་ནི་ཨིན་པས།
ལྷན་ཚོགས་ཀྱི་ འགྲེམ་ཐོག་ཚོགས་རྒྱན་སྡེ་ཚན་ལས་ རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ རྫོང་ཁག་༢༠ ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ ས་ཁོངས་ཚུ་ཡང་ སྤྱི་ཟླ་༤ པའི་ཚེས་༡༢ ལས་༡༤ ཚུན་ ཉིན་གྲངས་༣ གྱི་རིང་ དྲོ་པ་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ སྒོ་ཕྱེ་བཞག་འོང་ཟེར་ཨིན་རུང་ ས་གོ་ནང་ རང་སོའི་ངོས་འཛིན་འདྲ་པར་ཚུ་ ངེས་པར་དུ་ འབག་འོང་དགོ་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༤༣༢,༠༣༠ ཡོད་མིའི་གྲས་ལས་ བརྒྱ་ཆ་༢༠.༥ དེ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་ལུ་ ཐོ་བཀོད་འབད་ཡོད་མི་ལས་ ཕོ་སྐྱེས་༥༡,༤༥༢ དང་ ཨམ་སྲུ་༢༧,༤༦༣ ཡོདཔ་ཨིན་པས།
བཙག་འཐུ་དེ་ མི་ག་ར་ལུ་ ཚོགས་རྒྱན་བཙུགས་ནི་ གོ་སྐབས་བྱིན་ཐབས་ལུ་ ལྷན་ཚོགས་ཀྱིས་ བཙོན་པ་དང་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ ཁོང་ར་སྡོད་སའི་ ས་གོ་ནང་ར་ ཚོགས་རྒྱན་བཙུགས་ནི་གི་ མཐུན་རྐྱེན་མཁོ་སྤྲོད་འབད་ནི་ཨིན་མི་དེ་ དམིགས་བསལ་གྱི་ ཞབས་ཏོག་ཨིནམ་ད་ དེ་གི་དོན་ལུ་ བཙོན་པ་དང་ དབང་པོ་སྐྱོན་ཅན་༨༣༧ གྱིས་ ཐོ་བཀོད་འབད་དེ་ཡོདཔ་ཨིན་པས།
རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ ཕྱི་ཁར་སྡོད་མི་༡,༩༦༤ བརྩིས་ཏེ་ མི་གྲངས་༢༨,༣༢༩ དེ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་ནུག།
བཀྲིས་སྒང་རྫོང་ཁག་ནང་ མི་༥,༢༣༣ གྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་མི་དེ་ རྫོང་ཁག་གཞན་དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིནམ་ད་ མགར་ས་རྫོང་ཁག་ནང་ མི་༨༩ གིས་མ་གཏོགས་ ཐོ་བཀོད་འབད་མི་ མ་ཐོན་པས།
རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་གང་རུང་ སྤྱི་ཟླ་༤ པའི་ཚེས་༡༩ གི་ ཕྱི་རུ་ཆུ་ཚོད་༥ འི་ནང་འཁོད་ལུ་ ངེས་པར་དུ་ རང་སོའི་རྫོང་ཁག་གི་ ངོས་ལེན་འགོ་དཔོན་ཚུ་ལུ་ ལྷོད་དགོ་ཟེར་ཨིནམ་ད་ཕྱི་རྒྱལ་ལུ་ཡོད་མི་ འབྲུག་པའི་སློབ་ཕྲུག་དང་ ལས་གཡོགཔ་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བསྡུ་ལེན་འབད་ནིའི་དོན་ལུ་ ངོ་ཚབ་རེ་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ མི་ག་ར་ཨིན་རུང་ ཚོགས་རྒྱན་བཙུགས་པར་ འོང་པའི་སྐབས་ རང་སོའི་ངོ་སྤྲོད་ལག་ཁྱེར་དང་གཅིག་ཁར་ ངོས་འཛིན་འདྲ་པར་ཚུ་ ངེས་པར་དུ་ འབག་འོང་དགོ་ཟེར་ བཤད་ཡོདཔ་ད་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ནང་ མི་༤༠,༧༠༡ གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལས་ ཐོ་བཀོད་འབད་མི་ ཨམ་སྲུ་ཚུ་གིས་ སློབ་གྲྭ་དེ་ནང་ བཙུགས་དགོཔ་ཨིན་རུང་ ཕོ་སྐྱེས་ཚུ་གིས་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་དགོ་ཟེར་ ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *