འགྲེམ་ཐོག་ཚོགས་རྒྱན་གྱི་ ལམ་ལུགས་དྭངས་གསལ་མེདཔ།

༉ འབྲུག་རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ འགོ་བཙུགས་ཞིནམ་ལས་ཚུར་ དཔྱེ་སྟོན་བཙག་འཐུ་མ་བརྩིས་བར་ སྤྱི་ཚོགས་ཀྱི་ བཙག་འཐུ་ལན་ཐེངས་༣ འགོ་འདྲེན་འཐབ་ཡོདཔ་མ་ཚད་ ས་གནས་གཞུང་གི་ བཙག་འཐུ་ལན་ཐེངས་༢ འགོ་འདྲེན་འཐབ་ཚར་ཡི།
དེ་ཡང་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་འཐབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༡ ལུ་ ས་གནས་གཞུང་གི་ བཙག་འཐུ་དང་ སྤྱི་ལོ་༢༠༡༣ ལུ་ ཚོགས་ཁང་གོང་འོག་གཉིས་ཀྱི་བཙག་འཐུ་ དེ་ལས་ སྤྱི་ལོ་༢༠༡༦ ལུ་ ས་གནས་གཞུང་གི་ བཙག་འཐུ་༢ པ་ འགོ་འདྲེན་འཐབ་པའི་ཁར་ དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༣ པ་འགོ་འདྲེན་འཐབ་ཡོདཔ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཚོགས་རྒྱན་འཕྲུལ་ཆས་ལག་ལེན་དང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་ཚུ་ནང་ གོམས་སྦྱང་ཚུད་དགོཔ་ཅིག་ཨིན།
འདི་འབདཝ་ད་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་སྐབས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ མགུ་འཐོམ་བྱུང་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོད་རུང་ ཚོགས་རྒྱན་གྱི་ཉིན་མར་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་འོངམ་ད་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ངོས་ལེན་འབད་མ་བཏུབ་ལས་ ཚོགས་རྒྱན་གྱི་ ཐོབ་དབང་སྤྱོད་མ་ཚུགས་པར་ དབུགས་འགམ་སྟེ་ ཁྱིམ་ནང་ལོག་དགོཔ་བྱུང་ནུག།
དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཚོགས་རྒྱན་གྱི་ཉིན་མར་ སྤ་རོ་དང་ དབང་འདུས་ཕོ་བྲང་ ཐིམ་ཕུག་ གསར་སྤང་ ཧཱ་ སྤུ་ན་ཁ་ ཆུ་ཁ་ དར་དཀར་ནང་ དེ་ལས་ གཞལམ་སྒང་ལུ་ ཚོགས་རྒྱན་བཙུགས་མི་༤༠ དེ་ཅིག་གིས་ ཁོང་ར་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་ནང་ ཐོ་བཀོད་འབད་མི་ལུ་བརྟེན་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མ་ཐོབ་པས།
ཚོགས་རྒྱན་སྐྱུར་མི་ ལ་ལོ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་དང་ ཡང་ཅིན་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་ལས་ ཚོགས་རྒྱན་བཙུགས་ནི་སྦེ་ ཐོ་བཀོད་འབད་ཡོད་པའི་སྐོར་ ཤེས་རྟོགས་མེད་མི་ལུ་ བལྟ་བ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འདི་བཟུམ་མའི་ མཐུན་རྐྱེན་སྤྱོད་མི་ཚུ་ལུ་ སྔ་གོང་ལས་ བརྡ་དོན་དང་ ཤེས་ཡོན་ལེགས་ཤོམ་མ་སྤྲོད་ནི་དེ་གིས་ འོང་ནི་མས།
ཐ་ན་ བློན་ཆེན་གྱིས་ཡང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་སྦེ་ ཐོ་བཀོད་འབད་ཚར་རུང་ ཤུལ་ལས་ འགྲེམ་ཐོག་ཚོགས་རྒྱན་གུ་ རྟགས་མ་བཀལ་བར་ ཡིག་ཤུབས་ཁ་པའི་ནང་ ཁ་བསྡམས་ཏེ་བཏང་ཡོདཔ་ ཤེས་རྟོགས་བྱུང་པའི་ཤུལ་ལས་ བཙག་འཐུ་ལྷན་ཚོགས་ལུ་ ས་ཁོངས་ནང་སོང་སྟེ་ ཚོགས་རྒྱན་བཙུགས་ཆོག་པའི་ གནང་བ་ལེན་ཏེ་ ཚོགས་རྒྱན་གྱི་ ཐོབ་དབང་སྤྱོད་ཚུགས་ནུག།
དེ་བཟུམ་སྦེ་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོད་རུང་ དེ་བསྒང་ རྒྱལ་ཁབ་ཀྱི་ཕྱི་ཁར་ འགྱོ་དགོཔ་ཐོནམ་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་ལུ་ ཕྱིས་སོང་མི་ལུ་བརྟེན་ འཕྲུལ་ཆས་ཐོག་ ཚོགས་རྒྱན་བཙུགས་ཆོག་པའི་ གནང་བ་ཞུ་མི་ལུ་ ངོས་ལེན་འབད་མ་བཏུབ་ཟེར་ ཉོགས་བཤད་བཀོད་ནུག།
མ་གཞི་ ལྷན་ཚོགས་ཀྱི་ ཁ་ཐུག་ལས་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་ས་ཁོངས་ཀྱི་ ཐོ་བཀོད་འབད་མི་ཚུ་ལུ་ འཕྲུལ་ཆས་ཐོག་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་བྱིན་པ་ཅིན་ མི་༡ གིས་ ཚོགས་རྒྱན་གཉིས་ བཙུགས་ནི་གི་ འོས་འབབ་ཡོདཔ་ལས་ བདེན་དཔྱད་འབད་ནི་དེ་ གལ་ཆེ་ནི་ཨིན་རུང་ ད་ཚུན་གྱི་བར་ན་ བྱ་སྟབས་མ་བདེཝ་ཐོན་མི་དེ་ གཙོ་བོ་ར་ འགྲེམ་ཐོག་ཚོགས་རྒྱན་གྱི་ ལམ་ལུགས་དྭངས་གསལ་མེད་མི་ལུ་བརྟེན་ཨིན་མས།
མ་འོངས་པ་ལུ་ འགྲེམ་ཐོག་ཚོགས་རྒྱན་དང་འབྲེལ་བའི་ དཀའ་ངལ་མི་འཐོན་ནི་དང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ མགུ་འཐོམ་མི་འབྱུང་ནིའི་དོན་ལུ་ ལམ་ལུགས་དྭངས་གསལ་བཟོ་སྟེ་ གོ་བརྡ་སྤྲོད་ནི་དེ་གལ་ཆེ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *