སྤ་རོ་ལུང་གཤོང་།

འགྲུལ་སྐྱོད་འབད་བཅུག་མི་གིས་ མི་ཚུ་ལུ་ཚ་གྱང་།

༉ སྤ་རོ་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོན་པའི་བསྒང་ར་ཡོད་རུང་ ཁ་ཙ་ལས་ རྫོང་ཁག་གིས་ ཉེན་ཁ་ཆུང་བའི་ ས་ཁོངས་ཚུ་ནང་ འགྲུལ་སྐྱོད་ཤོག་བྱང་ལག་ལེན་ཐོག་ མི་སེར་ཚུ་ ས་ཁོངས་བཅད་མཚམས་ཀྱི་ནང་འཁོད་ འགྲོ་འགྲུལ་འབད་བཅུག་ནུག།

མི་ཚུ་ ཁོང་རའི་བཅད་མཚམས་ནང་ ངོས་འཛིན་འབད་མི་ ཚོང་ཁང་ཚུ་ནང་ འགྱོ་ཆོགཔ་བཞིན་དུ་ རྫོང་ཁག་གིས་ ས་ཁོངས་དམརཔོ་ནང་ སྡོད་མི་ཚུ་གི་དོན་ལུ་ མཁོ་ཆེ་བའི་ ཅ་ཆས་ཚུ་ སྐྱེལ་སྤྲོད་འབད་ནིའི་ ཞབས་ཏོག་བཙུགས་ཡོདཔ་ཨིན་པས།

ཤར་པ་དང་ ལུང་ཉིད་རྒེད་འོག་ སོ་ནམ་འཕྲུལ་ཆས་ལྟེ་བ་ ཁང་ཁུ་ སྐྱིད་ཆུ་ དེ་ལས་ ལམ་གོང་རྒེད་འོག་གི་ ཉེ་འདབས་ལུ་ཡོད་མི་ཚུ་ ས་ཁོངས་དམརཔོ་གི་འོག་ལུ་ ཚུདཔ་ཨིན་པས།

ས་གནས་ནང་སྡོད་མི་ དབང་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་ཚུ་ ས་ཁོངས་བཅད་མཚམས་ཚུ་ནང་ འགྲོ་འགྲུལ་འབད་བཅུག་པ་ཅིན་ ད་ལྟོ་ འཕྱེལ་འགྱོ་བའི་བསྒང་ཡོད་མི་ ནད་ཡམས་དེ་ལུ་ འདྲོག་དོ་ཡོདཔ་ལས་ ཟླཝ་༡ དེ་ཅིག་ ལང་ཚུགས་པའི་ རྒྱགས་སྐལ་ཉོ་བཞག་ཅི་ཟེར་ཨིན་པས།

བཙན་གདོང་ནང་ཚོགས་པ་ བཀྲིས་ཀྱིས་ སླབ་མིའི་ནང་ གཡུས་མི་ཚུ་གིས་ ཚོང་ཁང་ཚུ་ ཉིནམ་༡ ར་ སྒོ་ཕྱེ་བཞག་ཡོད་རུང་ འཕྲལ་འཕྲལ་མ་གཏོགས་ འགྱོ་ནི་མེད་ཟེར་ཨིནམ་ད་ ད་རེས་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་འཐབ་ནི་ ག་ནི་ཡང་མེདཔ་ལས་ འགྲོ་འགྲུལ་བཀག་དམ་ཐེངས་དང་པ་བཟུམ་ཅིག་ དཀའ་ངལ་མེད་ཟེར་ཨིན་པས།

གྱེདཔ་སྟོད་དང་ ཨོ་ལ་ཐང་ཚོགས་པ་ དཀོན་མཆོག་གིས་ སླབ་མིའི་ནང་ མི་ལ་ལོ་ཅིག་གིས་ ཧེ་མ་ལས་ ཉོ་ཚོང་རྐྱབ་ཡོདཔ་བཞིན་དུ་ ལ་ལོ་ཅིག་ ཕར་ཚུར་འགྲོ་འགྲུལ་འབད་ནི་ལུ་ འདྲོག་དོ་ཡོདཔ་ལས་ ཉོ་ཚོང་རྐྱབ་མི་དག་པ་ཅིག་མ་གཏོགས་ མ་འོང་ཟེར་ཨིན་པས།

འགྲོ་འགྲུལ་བཀག་དམ་ཐེངས་དང་པའི་སྐབས་ སྤྱི་འོག་དེ་ནང་གི་ ཚོང་ཁང་ཅིག་གིས་ཡང་ སྒོ་ཕྱེ་ནིའི་དོན་ལུ་ ཐོ་བཀོད་འབད་མ་བཏུབ་ལས་ མི་ཚུ་ ཉོ་ཚོང་རྐྱབ་པར་ ཁྲོམ་ཁར་འགྱོ་དགོཔ་ ཐོན་ཡོདཔ་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་ རྟ་མགྲིན་གྱིས་ སླབ་མིའི་ནང་ རྫོང་ཁག་གིས་ ཚོད་བསྲེའི་རིགས་ཚུ་ ལྷོ་མཚམས་རྫོང་ཁག་ཚུ་ནང་ལས་ སྐྱེལ་འདྲེན་འབད་དོ་ཡོདཔ་ལས་ རྫོང་ཁག་ལུ་ ཚོད་བསྲེ་དང་ སྒོ་ནོར་ཐོན་སྐྱེད་ དེ་ལས་ སེམས་ཅན་གྱི་ ལྟོ་མ་ལང་པའི་ དཀའ་ངལ་མེད་ཟེར་ཨིན་པས།

སྒོ་ནོར་འགོ་དཔོན་ བློ་ལྡན་སྦྱིན་པ་གིས་ སླབ་མིའི་ནང་ སེམས་ཅན་གྱི་ ལྟོ་དང་ཆག་ཚུ་ ཕུན་ཚོགས་གླིང་ལས་ རྒྱུན་མ་ཆད་པར་ སྐྱེལ་འདྲེན་འབད་དོ་ཡོད་མི་ལུ་བརྟེན་ ངོ་ཚབ་ཚུ་གིས་ ཁོང་རའི་ ས་ཁོངས་བཅད་མཚམས་ཚུ་ནང་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།

ཁོ་གིས་ སྒོ་ནོར་ཡིག་ཚང་གིས་ སྒོ་ནོར་ཐོན་སྐྱེད་ཚུ་ཡང་ བསྡུ་ལེན་འབད་དེ་ བཀྲམ་སྤེལ་བ་ཚུ་ལུ་ བཀྲམ་སྤེལ་འབད་ཡི་ཟེར་ཨིནམ་ད་ སྒོང་རྡོག་ཐེབས་ལུས་མི་ཚུ་ ནངས་པ་ ཐིམ་ཕུག་ལུ་ཡོད་མི་ འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་ལུ་ བསྐྱལ་ནིའི་ འཆར་གཞི་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *