འགྲུལ་སྐྱོད་བཀག་དམ་སྐབས་ ཉོགས་བཤད་༢༤ ཐོ་བཀོད་འབད་ཡོདཔ།

ནད་ཡམས་ཀོ་བིཌ་-༡༩ ལུ་ གདོང་ལེན་འབད་ནི་དང་ མི་སྡེ་ལུ་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་འཛིན་འབད་ཐབས་ལུ་ ངོས་འཛིན་ཅན་གྱི་ ས་ཁོངས་ཚུ་ བཟོ་ཡོད་རུང་ མི་ཚུ་གིས་ འགྲོ་འགྲུལ་བཀག་དམ་སྐབས་ ལམ་ལུགས་ལས་འགལ་མི་ལུ་བརྟེན་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་གིས་ རྩོད་དོན་༡༣ དེ་ཅིག་ ཐོ་བཀོད་འབད་ནུག།

ཁྲིམས་སྲུང་འགག་སྡེ་དང་འཁྲིལ་བ་ཅིན་ མི་༡༣ གྱིས་ ས་ཁོངས་ཀྱི་ སྒྲིག་གཞི་ལས་ འགལ་མི་ཚུ་གི་གྲས་ལས་ མི་༨ དེ་ རྒྱབ་མི་བཙུགས་ཏེ་ ནང་གན་བཟོ་བའི་ཤུལ་ལས་ བཏང་ཡོད་རུང་ མི་༥ ཡང་བསྐྱར་དུ་ གནོད་འགེལ་འབད་མི་ཚུ་ཨིནམ་ལས་ དོ་དམ་འོག་ལུ་བཞག་སྟེ་ཡོད་ཟེར་ཨིན་པས།

ཐིམ་ཕུག་ཁྲིམས་སྲུང་འགག་སྡེའི་ བཀོད་ཁྱབ་འགན་འཛིན་པ་ མགོན་པོ་དཔལ་འབྱོར་གྱིས་ སླབ་མིའི་ནང་ འཛིན་བཟུང་འབད་མི་ཚུ་ལུ་ འབངས་ཀྱི་བདེ་སྲུང་དང་ ལྷོད་འཇགས་ཀྱི་གནོད་འགེལ་འབད་བའི་ ཉེས་འཛུགས་འབད་འོང་ཟེར་ཨིན་པས།

ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ཚུ་ ཉེན་སྲུང་གི་ ལྟ་རྟོག་འབད་བའི་སྐབས་ལུ་ ལོ་གསརཔ་མ་ཚེས་བའི་ཕྱི་རུ་ རང་གི་ས་ཁོངས་ལས་བརྒལ་ཏེ་འགྱོ་མི་༣ བཟུང་ཡོདཔ་ཨིན་པས།

ད་རུང་ ཁྲིམས་སྲུང་འགག་པ་གིས་ ནང་འཁོད་རྩུབ་སྤྱོད་ཀྱི་ རྩོད་དོན་༧ དང་ ཨར་རྐུན་གྱི་རྩོད་དོན་༤ ཐོ་བཀོད་འབད་མི་ཚུ་ག་ར་ བར་ན་རྒྱབ་མི་བཙུགས་ཏེ་ ཁྱིམ་ནང་བཏང་ཡོདཔ་ཨིན་པས།

བཀོད་ཁྱབ་འགན་འཛིན་པ་ མགོན་པོ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁྲིམས་འགལ་སྡེ་ཚན་དང་ བདེ་སྲུངཔ་ཚུ་གིས་ མི་ཚུ་ འགྲུལ་སྐྱོད་བཀག་དམ་གྱི་ སྒྲིག་གཞི་ཚུ་ལས་ འགལ་ནི་མེདཔ་ ངེས་བརྟན་བཟོ་ཐབས་ལུ་ ས་ཁོངས་ཚུ་ནང་ ཉིན་མཚན་མེད་པར་ སྐོར་སྲུང་དང་ ལྟ་རྟོག་འབད་དོ་ཟེར་ཨིན་པས།

ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཉེན་སྲུང་ལྟ་རྟོག་སྡེ་ཚན་གྱིས་ ཁྱིམ་མེད་མི་ མི་ངོ་༨ དང་ཕྱད་པའི་ཤུལ་ལུ་ འབྲེལ་ཡོད་དབང་འཛིན་ལུ་ རྩིས་སྤྲོད་འབད་ཡོདཔ་བཞིན་དུ་ ད་ལྟོ་ རིན་ཆེན་ཀུན་ཕན་སློབ་གྲྭ་ཆུང་བའི་ གནས་སྐབས་ཀྱི་ སྡོད་གནས་ཁང་ནང་ སྡོད་དོ་ཡོདཔ་ཨིན་པས།

འགྲུལ་སྐྱོད་བཀག་དམ་ཐེངས་༡ པའི་ནང་ མི་༦ དེ་ཅིག་ དོ་དམ་འོག་ལུ་ ཞག་༡ བཞག་ཡོདཔ་བཞིན་དུ་ འགྲུལ་སྐྱོད་བཀག་དམ་དང་པའི་ ཉིན་གྲངས་༡༦ ནང་ ཁྲིམས་འགལ་འབད་མི་༡༠༢ སྙན་ཞུ་ཐོབ་ནུག།

ཁྲིམས་སྲུང་འགག་སྡེ་ལས་འབད་བ་ཅིན་ འགྲུལ་སྐྱོད་བཀག་དམ་༡ པའི་ ཉམས་མྱོང་དང་ ཤེས་ཡོན་ཐོབ་མི་ལུ་བརྟེན་ བཀག་དམ་༢ པའི་སྐབས་ ཁྲིམས་འགལ་འབད་མི་ དེམ་ཅིག་མ་ཐོན་ཟེར་ཨིནམ་ད་ དོགས་པ་ཅན་ཚུ་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ནང་ འོང་ནིའི་དོན་ལུ་ སྒྲིག་གཞི་བཟོ་ཡོད་མི་དེ་ བསྟར་སྤྱོད་འབད་མི་དེ་ཡང་ དོགས་པ་ཅན་ཚུ་ ཁྲིམས་སྲུང་ཡིག་ཚང་དང་ ཕར་ཚུར་བསྐྱལ་མི་ སྣུམ་འཁོར་ལོགས་སུ་སྦེ་ བཞག་སྟེ་ཡོད་ཟེར་ཨིན་པས།

ཁྲིམས་སྲུང་འགོ་དཔོན་གྱིས་ སླབ་མིའི་ནང་ དོགས་པ་ཅན་དང་ ཁྲིམས་སྲུང་འགག་པ་གཉིས་ཆ་ར་ ནད་ཡམས་ཀོ་བིཌ་-༡༩ འི་བརྟག་དཔྱད་འབད་བའི་སྐབས་ ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་ཞིནམ་ལས་རྐྱངས་གཅིག་ ཡིག་ཚང་ནང་ འཁྱིད་འོང་དོ་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *