འགྲུལ་སྐྱོད་བཀག་དམ་སྐབས་ གོང་ཚད་ཐེབས་རྐྱབ་མི་ ཚོང་པ་༣༣ ལུ་ཉེས་བྱ།

༉ ནད་ཡམས་ཀོ་བིཌ་༡༩ ལུ་ གདོང་ལེན་དང་ ཉེན་སྲུང་གི་དོན་ལུ་ འགྲུལ་སྐྱོད་བཀག་དམ་སྐབས་ ཐིམ་ཁྲོམ་གྱི་ ཚོང་པ་༣༣ དེ་ཅིག་གིས་ ཉེར་མཁོའི་ཅ་ཆས་ཀྱི་ གོང་ཚད་ཚུ་དང་ མ་འཁྲིལ་བར་ བཙོང་ཡོད་མི་ལུ་བརྟེན་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ ཉེས་བྱ་བཀལ་ནུག།

དེ་ཡང་ འགྲུལ་སྐྱོད་བཀག་དམ་ བསྟར་སྤྱོད་འབད་དེ་ ཉིནམ་༡༠ གྱི་ ནང་འཁོད་ལུ་ བསྟན་རྒྱས་ལྷན་ཁག་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གི་འགོ་དཔོན་ཚུ་གིས་ ཚོང་པ་༣༣ ལུ་ ཉེས་བྱ་བཀལ་མིའི་གྲས་ལས་ བཟའ་ཆས་ཚོང་པ་༢༦ དང་ ཚོད་བསྲེ་སྦུང་ཚོང་པ་༧ ཨིན་པས།

ཚོང་པ་ཚུ་གིས་ ཚོང་ཆས་ཀྱི་ གོང་ཚད་ཚུ་ ཡར་སེང་ཐོག་དང་ དུས་ཡུན་རྫོགས་མི་ ཅ་ཆས་ཚུ་ བཙོང་ནུག་ཟེར་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་  རྒྱང་བསྒྲགས་ལས་འཛིན་གྱི་ དྲི་བཀོད་ལས་རིམ་ནང་ བཤད་ཡོདཔ་ད་ ཉེས་བྱ་ཚུ་ཡང་ གཙོ་བོ་ར་ མི་མང་གིས་ སྤྱོད་ཁྲལ་དགོངས་ཡངས་བརྒྱུད་འཕྲིན་ཐོག་ལུ་ ཉོགས་བཤད་བཀོད་མི་དང་འཁྲིལ་ཨིན་པས།

ཉོ་སྤྱོད་ཉེན་སྲུང་ཡིག་ཚང་ལས་ ལས་རིམ་འགོ་དཔོན་ ཟླ་བ་ཚེ་རིང་གིས་ སླབ་མིའི་ནང་ སྤྱོད་ཁྲལ་དགོངས་ཡངས་བརྒྱུད་འཕྲིན་བཏང་མི་༢༢༧ ལས་ གནད་དོན་༦༣ ཐོ་བཀོད་འབད་ནུག་ཟེར་ཨིནམ་ད་ ཚོང་པ་ཚུ་གིས་ དུས་ཡུན་རྫོགས་མི་ ཉེར་མཁོའི་ཅ་ཆས་བཙོང་མི་དང་ ཚོད་བསྲེའི་སྦུང་ཚོང་ཚུ་གིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ཚད་གཞི་བཟོ་མི་ལས་ལྷག་སྟེ་ བཙོང་ནུག་ཟེར་ཨིན་པས།

ད་རུང་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་སྐབས་ ཚོང་འབྲེལ་གྱི་ ལམ་ལུགས་ལས་འགལ་ཏེ་ ཚོང་རྐྱབ་མི་ ཚོང་པ་༢༡ བདའ་ཟུན་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་ བཀལ་ཡོདཔ་ད་ དེ་ཚུ་ཡང་ མང་ཤོས་ར་ ལྕང་ཟམ་ཏོག་ས་ཁོངས་ཚུ་ནང་ལས་ ཐོན་ཡོདཔ་ཨིན་པས།

ལམ་ལུགས་ལས་འགལ་མི་ ཚོང་ཁང་༣ སྒོ་བསྡམས་ཡོདཔ་མ་ཚད་ ཚོད་བསྲེ་སྦུང་ཚོང་རྐྱབ་མི་༢ ཀྱི་ ཆོག་ཐམ་ཆ་མེད་གཏང་དགོ་པའི་སྐོར་ སོ་ནམ་ལྷན་ཁག་དང་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ལས་འཛིན་ལུ་ གྲོས་འདེབས་བཀོད་ནུག།

འགྲོ་འགྲུལ་བཀག་དམ་སྐབས་ ཐིམ་ཕུག་ནང་འཁོད་ལུ་ ཚོང་པ་༢༣༠ དང་ སྦུང་ཚོང་རྐྱབ་མི་༡༣ ངོས་འཛིན་འབད་དེ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *