འགྲུལ་སྐྱོད་བཀག་དམ་སྐབས་ ཨམ་སྲུ་༥ ལུ་ རྩུབ་སྤྱོད་འབད་ཡོདཔ།

༉ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་དང་འཁྲིལཝ་ད་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་ཐེངས་༢ པའི་ ཉིནམ་༨ ཀྱི་ ནང་འཁོད་ལུ་ ཨམ་སྲུ་༥ ལུ་ ཕོ་མོའི་གནད་དོན་དང་འབྲེལ་བའི་ ནང་འཁོད་རྩུབ་སྤྱོད་འབད་ཡོད་མི་ལས་༢ མི་དབང་རྒྱལ་བཙུན་མཆོག་གིས་ གཞི་བཙུགས་གནང་མི་ གནས་སྐབས་ཀྱི་ སྡོད་ཁག་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།

ལས་སྡེ་གིས་ འཕྲལ་མགྱོགས་ར་ རྫོང་ཁག་ཚུ་ལས་ ནང་འཁོད་རྩུབ་སྤྱོད་ཀྱི་ རྩོད་དོན་ཚུ་ བསྡུ་ལེན་འབད་ནི་ འགོ་བཙུགས་ནི་ཨིནམ་ད་ ལས་སྡེའི་བསླབ་སྟོན་པ་ཚུ་ལུ་ རྩུབ་སྤྱོད་འབད་བའི་ རྩོད་དོན་དག་པ་ཅིག་ ལྷོད་མི་ཚུ་ཡང་ བསླབ་སྟོན་བྱིན་ཐོག་ལས་ འབྲེལ་ཡོད་ལས་སྡེ་ཚུ་ལུ བཏང་ཡོདཔ་ཨིན་པས།

ལས་སྡེ་གིས་ རྫོང་ཁག་༡༩ ནང་ཡོད་པའི་ གསོ་བ་ལྷན་ཁག་དང་ མི་སྡེའི་རྒྱབ་སྐྱོར་ལམ་ལུགས་ཀྱི་ སྣ་མང་ལས་བྱེད་ཚོགས་ཆུང་གིས་ གློ་བུར་ཞབས་ཏོག་གི་ རྒྱབ་སྐྱོར་བྱིན་ནིའི་དོན་ལུ་ གནས་སྐབས་ཀྱི་ སྡོད་ཁྱིམ་ཚུ་ བཟོ་སྟེ་ཡོདཔ་ཨིན་པས།

ལས་སྡེའི་མཁས་དབང་ མི་ནག་ཤི་རའེ་གིས་ སླབ་མིའི་ནང་ འགྲུལ་སྐྱོད་བཀག་དམ་༢ པའི་སྐབས་ མི་དབང་རྒྱལ་བཙུན་མཆོག་གིས་ དུས་ཚོད་ཁར་ རྒྱབ་གནང་མི་དེ་གིས་ ཕན་ཁྱད་བྱུང་ཡོདཔ་མ་ཚད་ ཞབས་ཏོག་བྱིན་མི་ཚུ་ལུ་ཡང་ ནང་འཁོད་རྩུབ་སྤྱོད་སྐོར་ལས་ སྙན་ཞུ་འབད་ཡི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ འགྲུལ་སྐྱོད་བཀག་དམ་ཐེངས་དང་པའི་ནང་ རྫོང་ཁག་མང་ཤོས་ཅིག་ནང་ གནས་སྐབས་ཀྱི་ སྡོད་ཁྱིམ་ཚུ་མེདཔ་ལས་ ཞབས་ཏོག་བྱིན་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིནམ་ད་ དེ་བསྒང་ རྩུབ་སྤྱོད་ཀྱི་ གནད་དོན་༣༤༥ ཐོན་ཡོདཔ་ཨིན་པས།

ནང་འཁོད་རྩུབ་སྤྱོད་ལས་ གནོད་སྐྱོན་བྱུང་མི་ཚུ་གིས་ རྒྱབ་སྐྱོར་གྱི་དོན་ལུ་ རང་སོའི་རྫོང་ཁག་གི་ མི་སྡེའི་རྒྱབ་སྐྱོར་ལམ་ལུགས་ཀྱི་ མགྲིན་ཚབ་ཚུ་ལུ་ བརྒྱུད་འཕྲིན་གཏང་དགོཔ་ཨིན་པས།

མི་ནག་ཤི་རའེ་གིས་ སླབ་མིའི་ནང་ མ་གཞི་ ཞབས་ཏོག་ཚུ་ མཁོ་སྤྲོད་འབད་ནི་ལུ་ གྲ་སྒྲིག་ཡོད་རུང་ ནང་འཁོད་རྩུབ་སྤྱོད་ལུ་བརྟེན་ གནོད་པ་བྱུང་མི་ ཨམ་སྲུ་ཚུ་ལུ་ ཞབས་ཏོག་ག་དེ་སྦེ་ ལྷོད་ཚུགས་ག་ཟེར་བའི་ ཚ་གྱང་སྦོམ་ཡོད་ཟེར་ཨིན་པས།

རྩུབ་སྤྱོད་ལུ་བརྟེན་ གནོད་པ་བྱུང་མི་ མང་ཤོས་ར་ ཁོང་རའི་ རྨགཔ་དང་བརྟེན་ སྡོད་མི་ཚུ་ཨིནམ་ལས་ ག་དེམ་ཅིག་ལུ་ འགྲུལ་འཕྲིན་ཡོདཔ་ཨིན་ན་དང་ ཞབས་ཏོག་ཚུ་གི་སྐོར་ལས་ བརྡ་དོན་ཚུ་ ག་དེ་སྦེ་ ལྷོད་དོ་ག་ མི་ཤེས་པས་ཟེར་ མཁས་དབང་མི་ནག་ཤི་རའེ་གིས་ བཤདཔ་ཨིན་པས།

ད་རེས་ རང་སོའི་རྫོང་ཁག་གི་ མི་སྡེའི་རྒྱབ་སྐྱོར་ལམ་ལུགས་ཀྱི་ མགྲིན་ཚབ་དང་ ལས་སྡེའི་ཞབས་ཏོག་བྱིན་མི་ཚུ་ འགྲུལ་སྐྱོད་བཀག་དམ་ཐེངས་དང་པའི་ ཉམས་མྱོང་ལུ་བརྟེན་ ནང་འཁོད་རྩུབ་སྤྱོད་ཀྱི་ གནད་དོན་ཚུ་ ལག་ལེན་འཐབ་ནི་ལུ་ གྲ་སྒྲིག་སོང་སྟེ་ཡོདཔ་ཨིན་པས།

མི་སྡེའི་རྒྱབ་སྐྱོར་ལམ་ལུགས་ ལག་ལེན་འཐབ་མི་ ཁས་བླངས་པ་༡༠༠ ཡོདཔ་བཞིན་དུ་ རྫོང་ཁག་རེ་ནང་ ཁས་བླངས་པ་༥ དེ་རེ་ཡོདཔ་ད ཁས་བླངས་པ་ཚུ་ལུ་ འབྲེལ་ཡོད་ལས་སྡེ་ ཁག་མ་འདྲཝ་ཚུ་ལུ་ དགོས་མཁོ་ཅན་གྱི་ ཞབས་ཏོག་ལེན་པར་ གཏང་ནིའི་དོན་ལུ་ ཉེན་སྲུང་གི་ སྦྱོང་བརྡར་ཚུ་ འབད་ཡོདཔ་ཨིན་པས།

མི་ནག་ཤི་རའེ་གིས་ སླབ་མིའི་ནང་ ཨམ་སྲུ་རྩུབ་སྤྱོད་འབད་མི་ མ་འདྲཝ་ཡོད་མི་ཚུ་ཡང་ ག་ར་སྣ་ཁྲིད་ཅིག་གི་འོག་ལུ་ འབྲེལ་བ་ཡོདཔ་སྦེ་ ཧ་གོ་ནི་དེ་ གལ་ཆེཝ་བཞིན་དུ་ རྩུབ་སྤྱོད་མ་འདྲཝ་ཚུ་ཡང་ ཕྱིའི་རྩུབ་སྤྱོད་དང་ སེམས་ཁམས་ལུ་ཕོག་པའི་རྩུབ་སྤྱོད་ དཔལ་འབྱོར་རྩུབ་སྤྱོད་ དེ་ལས་ འདོད་སྤྱོད་རྩུབ་སྤྱོད་ཚུ་ཨིན་པས།

མོ་གིས་འབད་བ་ཅིན་ གནད་དོན་མང་ཤོས་ཅིག་ནང་ རྩུབ་སྤྱོད་བྱུང་མི་ཚུ་ལུ་ དེ་འཕྲོ་ལས་ བསླབ་སྟོན་དང་ འཚོ་ཐབས་ཀྱི་ ངོས་ལེན་དང་ ཞབས་ཏོག་རྒྱབ་སྐྱོར་ དགོས་མཁོ་ཡོད་མི་ཚུ་ འོང་ནི་ཡོད་ཟེར་ཨིན་པས།

ཞབས་ཏོག་ལེན་ཐངས།

གལ་སྲིད་ ངོ་རྐྱང་ཚུ་ རྩུབ་སྤྱོད་འབད་ནིའི་ ཉེན་ཁ་ཡོད་པ་ཅིན་ ཕོ་མོ་ཚུ་གིས་ བློ་གཏད་ཚུགས་པའི་ ཁྱིམ་ཚང་དང་ ཆ་རོགས་ བཟའ་ཚང་ དེ་ལས་ སྡོད་ཁྱིམ་ནང་འགྱོ་ནི་ལུ་ ངོས་འཛིན་འབད་དགོཔ་ཨིན་པས།

ཁྱིམ་ཚང་ཚུ་གིས་ རང་སོའི་ས་ཁོངས་ནང་ ནང་འཁོད་རྩུབ་སྤྱོད་སྐོར་ལས་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ལུ་ སྙན་ཞུ་འབད་དགོཔ་ཨིན་པས།

གློ་བུར་སྐབས་ བར་འཛུལ་འབད་ནིའི་དོན་ལུ་ བློ་གཏད་ཚུགས་པའི་ ཁྱིམ་ཚང་དང་མཉམ་ གསང་རྟགས་བཟོ་དགོཔ་ཨིན་པས།

ངོ་རྐྱང་ཚུ་གིས་ གལ་སྲིད་ གློ་བུར་གྱི་ དགོས་མཁོ་བྱུངམ་ད་ ལག་ལེན་འཐབ་ནིའི་དོན་ལུ་ ཉེར་མཁོའི་ཅ་ཆས་ འགྲུལ་འཕྲིན་དང་ ངོས་འཛིན་ཅན་གྱི་ཡིག་ཆ་ སྨན་ བརྒྱུད་འཕྲིན་ཨང་གྲངས་ཚུ་ བཞག་དགོཔ་ཨིན་པས།

ནང་འཁོད་རྩུབ་སྤྱོད་རེ་ ཐོན་པ་ཅིན་ བརྒྱུད་འཕྲིན་ཨང་གྲངས་༡༠༡༠ ཡང་ཅིན་ མི་སྡེའི་རྒྱབ་སྐྱོར་ལམ་ལུགས་ཀྱི་ མགྲིན་ཚབ་ཚུ་དང་ དེ་འཕྲོ་ལས་ འབྲེལ་བ་འཐབ་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *