འགྲུལ་སྐྱོད་བཀག་དམ་ལས་འགལ་མི་ མདའ་རྩེདཔ་ཚུ་གི་ ཐོག་མའི་སྙན་གསན།

༉ ཁ་ཙ་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཐོག་མའི་སྙན་གསན་མཛདཔ་ད་ འགྲུལ་སྐྱོད་བཀག་དམ་སྐབས་ མདའ་རྩེད་འགྲན་འབད་མི་ཚུ་གིས་ ཁང་མིག་ལྟེམ་ལྟེ་གང་སོ་ཡི།

དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ ཉེས་འཛུགས་འབད་མི་ མདའ་རྩེདཔ་༡༦ ཡོད་ནི་དེ་གིས་ ཁྲིམས་འདུན་གྱི་ ཁང་མིག་གང་ཡོདཔ་ད་ སྔ་ཚང་རྒེད་འོག་གི་ ས་གནས་ཁག་སོ་སོའི་ནང་ མདའ་རྩེད་མི་ སྡེ་ཚན་༣ གྱི་ མི་༡༦ གིས་ཕུལ་མི་ ཞུ་ཡིག་ཁག་༣ རྩོད་དྲུང་གིས་ ལྷག་ཞིནམ་ལས་ དྲང་དཔོན་གྱིས་ རྩོད་ཟླ་ག་ར་ལུ་ གསལ་ཞུ་ཕུལ་ནིའི་ གོ་སྐབས་་གནང་ཡི།

མདའ་རྩེདཔ་༦ རེ་འབད་མི་ སྡེ་ཚན་༢ ཀྱིས་ བཀོད་མིའི་ནང་ ས་གནས་མཐའ་ཟུར་ཁར་ཡོད་མི་ རང་སོའི་ཁྱིམ་གྱི་ ཉེ་འདབས་ལུ་ཡོད་པའི་ འབའ་ཚང་ནང་ ཕྱི་རུ་ཁམས་ཅིག་ལས་ ལོ་གསར་གྱི་ སྣང་བ་ཤར་ཏེ་ ཁྱིམ་ཚང་ཆ་རོགས་ཚུ་གི་ ནང་འཁོད་ལུ་   དུས་ཡུན་ཆུ་ཚོད་༡ དེ་ཅིག་ལས་བརྒལ་ མདའ་མ་རྩེད་ཟེར་ཨིན་པས།

དེ་བཟུམ་སྦེ་ མི་༤ འབད་མི་ སྡེ་ཚན་གྱིས་འབད་བ་ཅིན་ ཉིནམ་དག་པ་ཅིག་གི་ཧེ་མ་ ཕྱིའི་མདའ་གཞུ་ཉོ་ཡོད་མི་དེ་ སག་ལང་སྟེ་ དེ་ཚེ་ཉིན་མར་ ཁྱིམ་གྱི་སྦོ་ལོགས་ཁར་ སྦྱང་བ་དང་འབྲེལ སྐོར་ཐེངས་༣ དེ་ཅིག་ལས་བརྒལ་ མ་རྩེད་ཟེར་ཨིན་པས།

མདའ་རྩེདཔ་ཚུ་གིས་ གསལ་ཞུ་ཕུལ་མིའི་ནང་ སྤྱི་ཟླ་༡༢ པའི་ཚེས་༢༨ ལས་འགོ་བཙུགས་ རྒེད་འོག་ནང་ འགྲོ་འགྲུལ་བཀག་དམ་ཡངས་ཆག་འབདཝ་དང་འབྲེལ་ སོ་ནམ་པ་ཚུ་ ཨ་རྟག་ཧར་ལུགས་སྦེ་ ཞིང་ནང་ལཱ་འབད་ཆོགཔ་མ་ཚད་ རང་སོའི་སྤྱི་འོག་ནང་ ངོས་འཛིན་འབད་མི་ ཚོང་ཁང་ཚུ་ནང་ལས་ ཚོང་ཉོ་ཆོག་ནི་དེ་གིས་ མཐའ་ཟུར་གྱི་ས་ཁར་ མི་ཡང་ལེ་ཤ་མ་འཛོམས་པར་ མདའ་རྩེད་འབད་བ་ཅིན་ ཁྱད་མི་འོང་མནོ་སྟེ་ རྩེད་ཡི་ཟེར་ཨིན་པས།

སྔ་ཚང་རྒེད་འོག་ལས་ མདའ་རྩེདཔ་ཅིག་ཨིན་མི་ ནོར་བུ་གིས་ ཞུ་མིའི་ནང་ མདའ་རྩེད་དེ་ རང་ལུགས་ཀྱི་ ལམ་སྲོལ་ཅིག་ཨིནམ་བཞིན་དུ་ ལོ་གསར་ཨ་རྟག་ར་ རྩེད་འགྲན་འབད་བའི་ གོམས་འདྲིས་ཚུད་ཡོད་ནི་དེ་གིས་ དེ་ཚེ་ ཁྱིམ་ཚང་ཆ་རོགས་དག་པ་ཅིག་དང་གཅིག་ཁར་ རྩེད་ཡར་སོ་ཡི་ཟེར་ཞུ་ཡི།

ཁོ་གིས་ ཞུ་མིའི་ནང་ གཡུས་ཚན་ཚུ་ནང་ སོ་ནམ་ཞིང་ལཱ་ཚུ་ ཨ་རྟག་ཧར་ལུགས་འབད་ཆོགཔ་མ་ཚད་ ཚོང་ཁང་ཚུ་ནང་ལས་ སྐོར་རྒྱབ་སྦེ་ ཚོང་ཉོ་ཆོག་ནི་དེ་གིས་ ཁྱད་མི་འོང་མནོ་སྟེ་ ཡུདཔ་ཐེངས་ཅིག་གི་དོན་ལུ་ རྩེད་འགྲན་འབད་ཡི་ཟེར་ཨིན་པས།

འགྲུལ་སྐྱོད་བཀག་དམ་སྐབས་ ཤེས་རྟོགས་མེད་པར་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་ཡར་སོཔ་ལས་ སྐབས་ཐེངས་ཅིག་ ཁྲིམས་ཀྱི་དགོངས་ཡངས་གནང་དགོ་པའི་ ཞུ་བ་ཕུལ་ཡི།

ཕོ་སྐྱེས་སྡེ་ཚན་དེ་ སྤྱི་ཟླ་༡ པའི་ཚེས་༢ ལུ་ ཉི་ལོག་གི་སྐབས་ སྤྱི་འོག་༢ ཀྱི་ས་གནས་ཁག་སོ་སོ་༣ ནང་ སྡེ་ཚན་༣ སྦེ་ མདའ་རྩེད་ཡོད་པའི་ ཉེས་འཛུགས་འབད་ནུག། 

ཁྲིམས་སྲུང་འགག་སྡེ་གིས་ མདའ་རྩེདཔ་ཚུ་ལུ་ འབངས་ཀྱི་བདེ་སྲུང་ལུ་ བར་རྐྱེན་རྐྱབ་པའི་ གནོད་འགེལ་གྱི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

ཁྲིམས་འདུན་གྱིས་ ཉེས་འདོགས་པ་ ཁྲིམསསྲུང་འགག་སྡེ་ལུ་ སྤྱི་ཟླ་༢ པའི་ཚེས་༡༠ ལུ་ བརྒལ་ལན་ཕུལ་དགོ་པའི་ བཀའ་རྒྱ་གནང་ཡི།

དེ་བཟུམ་སྦེ་ ས་གླིང་རྒེད་འོག་ འཕྲིན་དྭངས་སྦིས་གཡུས་ཚན་ནང་ ཨམ་སྲུ་༨ འབད་མི་སྡེ་ཚན་ཅིག་གིས་ ཁུ་རུ་རྩེད་ཡོད་པའི་ ཉེས་འཛུགས་ཀྱི་ བརྒལ་ལན་སྙན་གསན་དེ་ཡང་ ཁ་ཙ་མཛད་ཅི།

སྣ་ཚོགས་སྙན་གསན་དེ་ འདས་པའི་བདུན་ཕྲག་ནང་ འགོ་འདྲེན་འཐབ་ཡོདཔ་ད་ ཨམ་སྲུ་སྡེ་ཚན་དེ་གིས་ དེ་ཚེ་ ལོ་གསར་བརྩི་སྲུང་འབདཝ་དང་འབྲེལ་ ཆང་ལོངས་སྤྱོད་དེ་ ཁྱིམ་ཚང་ནང་མི་ཚུ་གི་བར་ན་ འབའ་ཡང་ལེགས་ཤོམ་སྦེ་ མ་གཏད་པར་ དེ་སྦེ་ར་ སྤྲོ་བའི་ཐོག་ལུ་ ཁུ་རུ་སྐོར་ཐེངས་༣ དེ་ཅིག་ རྩེད་ཡོད་རུང་ མནོ་བཞིན་བསམ་བཞིན་ འབད་འབདཝ་མེན་ཟེར་ ཞུ་ནུག།

སྒྲུབ་བྱེད་སྙན་གསན་དེ་ སྤྱི་ཟླ་༢ པའི་ཚེས་༡༠ ལུ་ མཛད་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།



རྩོད་ཟླ་མདའ་རྩེདཔ་ཚུ་ ཁྲིམས་ཀྱི་འདུན་སར་ འགྱོ་བའི་བསྒང་།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *