འགྲུལ་སྐྱོད་བཀག་དམ་ཡངས་ཆག་འབད་རུང་ ལོ་ཆོག་གཏང་མ་ཆོགཔ།

༉ དབང་འདུས་ཕོ་བྲང་ དགའ་སེང་གོངམ་ལས་ སྐྱེས་ལོ་༦༡ ལང་མི་ རྣམ་རྒྱལ་གྱི་ ལོ་ཆོག་གཏང་ནི་དེ་ འགྲུལ་སྐྱོད་བཀག་དམ་ལུ་བརྟེན་ ཕར་འཕུད་རྐྱབ་ཡོདཔ་བཞིན་དུ་ རྫོང་ཁག་ནང་ འགྲུལ་སྐྱོད་ལྷོད་ཡངས་བཏང་རུང་ ལོ་ཆོག་དང་ རིམ་གྲོ་ཚུ་ འབད་མ་ཆོག་པའི་ གསལ་བསྒྲགས་འབད་ནུག།

རྣམ་རྒྱལ་གྱིས་ སླབ་མིའི་ནང་ མ་གཞི་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ལོ་ཆོག་གཏང་ནི་སྦེ་ འཆར་གཞི་བརྩམས་ཡོད་རུང་ འགྲུལ་སྐྱོད་བཀག་དམ་ལུ་བརྟེན་ ཆ་མེད་བཏང་ཡི་ཟེར་ཨིནམ་ད་ ཁོ་གི་ གཡུས་ཚན་ནང་ འགྲོ་འགྲུལ་བཀག་དམ་མ་འབད་བའི་ཧེ་མར་ ཁྱིམ་གུང་པ་༡ མ་གཏོགས་ གཞན་ག་གིས་ཡང་ ལོ་མཆོད་མ་བཏང་ཟེར་ཨིན་པས།

དབང་འདུས་ལུ་ མི་ཚུ་ ཕར་ཚུར་འགྱོ་ཆོགཔ་སྦེ་ བཟོ་བའི་ཁར་ ཉེས་མཁོའི་ཅ་ཆས་སྐྱེལ་སྤྲོད་འབད་མི་ སྣུམ་འཁོར་ཚུ་མ་གཏོགས་ སྒེར་འཁོར་ཚུ་ འགྲོ་འགྲུལ་འབད་མ་ཆོགཔ་སྦེ་ཨིན་པས།

རྣམ་རྒྱལ་གྱི་ ལོ་མཆོད་ཀྱི་དོན་ལུ་ ཐིམ་ཕུག་ལུ་སྡོད་མི་ བུམོ་དང་ ཚ་བོ་ཚམོ་ཚུ་ འོང་ནི་ཡོདཔ་མ་ཚད་ ཉེ་ཚན་ག་ར་བསྡོམས་ཏེ་ མི་༢༠ དེ་ཅིག་ འཛོམས་ནི་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྤྱི་ཟླ་༢ པའི་ནང་ ལོ་ཆོག་གཏང་ནིའི་ འོས་འབབ་བལྟ་དོ་ཟེར་ཨིན་པས།

དགའ་སེང་གོངམ་་རྒེད་འོག་ནང་ ཁྱིམ་གུང་༡༡༧ ཡོད་མི་ལས་ བརྒྱ་ཆ་༥ དེ་ཅིག་གིས་ ལོ་ཆོག་དང་ རིམ་གྲོ་ཚུ་འབད་ཚར་ནུག་ཟེར་ རྒེད་འོག་གི་དམངས་མི་ པདྨ་གིས་ བཤདཔ་ཨིན་པས།

རྫོང་ཁག་ཀོ་བིཌ་ལས་བྱེད་ཚོགས་ཆུང་གིས་ ནངས་པ་ལས་ རྒེད་འོག་ཡིག་ཚང་དང་ དངུལ་འབྲེལ་ཞབས་ཏོག་བྱིན་མི་ ཉེར་མཁོའི་ཅ་ཆས་སྐྱེལ་སྤྲོད་འབད་མི་ འབྲུག་བརྒྱུད་འཕྲིན་ འབྲུག་གློག་མེ་ཡིག་ཚང་ བཀྲིས་འགྲུལ་འཕྲིན་ ཁྲོམ་སྡེ་ཚུ་ སྒོ་ཕྱེ་ཆོག་པའི་ཁར་ ནང་འཁོད་ལུ་ བཟོ་སྐྲུན་འབད་ཆོགཔ་བཞིན་དུ་ ཚོང་ཁང་ཚུ་ ཕྱི་རུའི་ཆུ་ཚོད་༩ ཚུན་ སྒོ་ཕྱེ་ཆོག་རུང་ སྤྲོ་སྟོན་ཁང་ཚུ་ སྒོ་ཕྱེ་མི་ཆོག་ཟེར་ཨིན་པས།

དབང་འདུས་རྫོང་ཁག་ དཔལ་ལི་ལ་དང་ སྤུ་ན་ཁ་རྫོང་ཁག་ ཕན་སྟོད་ཁ་གཡུས་ཚན་དེ་ ས་ཁོངས་ཚོས་གཞི་སེརཔོ་སྦེ་ ངོས་འཛིན་འབད་མི་ལུ་བརྟེན་ ཉེར་མཁོའི་ཅ་ཆས་ཚོང་ཁང་ཚུ་ སྒོ་ཕྱེ་ཆོག་རུང་ དཔལ་ལི་ལ་བརྒྱུད་དེ་ འགྲུལ་སྐྱོད་འབད་མི་ཆོག་ཟེར་ཨིན་པས།

སྤུ་ན་ཁ་རྫོང་ཁག།

ཕན་སྟོད་ཁ་གཡུས་ཚན་ནང་ སོ་ནམ་གྱི་ལཱ་ཚུ་ འབད་ཆོག་རུང་ ས་ཁོངས་ལས་བརྒལ་ ཕྱི་ཁར་འགྱོ་མི་ཆོག་ནི་ཨིནམ་ད་ མི་སེར་ཚུ་ ཞག་གྲངས་༢༡ ཨིན་ཅི་མིན་ཅི་ ཟུར་སྡོད་དགོཔ་ཨིན་ཟེར་ སྤུ་ན་ཁའི་རྫོང་བདག་ ཀརྨ་འབྲུག་པ་གིས་ བཤདཔ་ཨིན་པས།

ཁ་ཙ་ལས་ སྤུ་ན་ཁ་རྫོང་ཁག་ནང་འཁོད་ ཕྱི་རུའི་ཆུ་ཚོད་༥ ལས་ཚུར་ འགྲུལ་སྐྱོད་ཡངས་ཆག་འབད་ཡོདཔ་ད་ དབང་འདུས་དང་ སྤུ་ན་ཁ་རྫོང་ཁག་གིས་ ཚོས་གཞི་དམརཔོ་གི་ ས་ཁོངས་ལས་ འོང་མི་ཚུ་ ནང་ན་འོང་ཆོག་རུང་ ཟུར་བཞག་ནང་ ཉིནམ་༧ སྡོད་དགོཔ་ཨིན་པས།

སྤུ་ན་ཁ་ལུ་ ཚེ་འདས་ཀྱི་ཕུངམ་ མེ་སྦྱང་འབདཝ་ད་ མི་༢༠ ལས་བརྒལ་ འབྲེལ་གཏོགས་འབད་མི་ཆོག་ནི་ཨིན་རུང་ ལོ་ཆོག་དང་ རིམ་གྲོ་ཚུ་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ཨིན་པས།

མགར་ས་རྫོང་ཁག་ནང་ཡང་ ཁ་ཙ་ལས་ འགྲུལ་སྐྱོད་ལྷོད་ཡངས་བཏང་ཡོདཔ་ལས་ ཚོང་ཁང་ཚུ་ ཕྱི་རུའི་ཆུ་ཚོད་༦ ཚུན་ སྒོ་ཕྱེ་ཆོག་ནི་ཨིནམ་ད་  བདུན་ཕྲག་༡ གི་ཤུལ་ལས་ རྫོང་ཁག་གིས་ ནད་ཡམས་ཀྱི་ བརྟག་དཔྱད་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *