འགྲུལ་འཕྲིན་ཐོག་ལས་ ན་གཞོན་ཡར་སྐྱེད་རིམ་ལུགས་ ཨེཔསི་སྤྱོད་མི་ མང་སུ་ཐོན་དོ་ཡོདཔ།

༉ ཤེས་རིག་ལྷན་ཁག་གི་ ན་གཞོན་དང་རྩེད་རིགས་ལས་ཁུངས་ཀྱིས་ འགྲུལ་འཕྲིན་ཐོག་ལས་ ན་གཞོན་ཡར་སྐྱེད་ཀྱི་རིམ་ལུགས་(ཨེཔསི་)གི་ ཞབས་ཏོག་གཞི་བཙུགས་འབད་བའི་ཤུལ་ལས་ ལོ་༣ གྱི་ནང་འཁོད་ལུ་ མི་གྲངས་༡༢༢ དེ་ཅིག་གིས་ ཞབས་ཏོག་གི་དོན་ལུ་ ཐོ་བཀོད་འབད་ནུག།
ལས་ཁུངས་ཀྱིས་ ཞབས་ཏོག་དེ་ཡང་ ན་གཞོན་ཚུ་གིས་ རང་སོའི་བསམ་འཆར་དང་ བསླབ་སྟོན་བརྗེ་སོར་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༡༥ ཟླ་༦ པའི་ནང་ལས་ གཞི་བཙུགས་ཡོདཔ་བཞིན་དུ་ ཐོ་བཀོད་༡༢༢ འབད་མིའི་གྲས་ལས་༤༩ ཤེས་ཡོན་དང་འབྲེལ་བའི་ དཀའ་ངལ་གྱི་གནད་དོན་དང་ གཞན་མི་ཚུ་ སྨྱོ་རྫས་དང་ ཆང་ གསོ་བའི་འཕྲོད་བསྟེན་ལ་སོགས་པ་ཚུ་ ཡོདཔ་ཨིན་པས།
ཞབས་ཏོག་དེ་ཡང་ ན་གཞོན་དང་འབྲེལ་བའི་ ལས་རིམ་དང་ ལས་སྣའི་གནས་ཚུལ་ཚུ་ དུས་མཐུན་འབད་ནི་དང་ ཁྱད་རིག་ལྡན་པའི་ བསླབ་སྟོན་ཚུ་དང་གཅིག་ཁར་ རིན་མེད་སྟོང་པར་ཐོག་ལས་ བསླབ་སྟོན་གྱི་ ཞབས་ཏོག་ཚུ་ འགྲུལ་འཕྲིན་དང་ ཡང་ཅིན་ ཐད་ཀར་དུ་ འཐོབ་ཚུགས་ནིའི་དོན་ལུ་ཨིན་པས།
དེ་མ་ཚད་ བརྒྱུད་འཕྲིན་ཐོག་ལས་ བསླབ་སྟོན་ལེན་ནིའི་ལུ་ བསླབ་སྟོན་ཞབས་ཏོག་ ཐོ་བཀོད་འབད་ནི་དང་ ན་གཞོན་ཚུ་གིས་ ན་གཞོན་དང་འབྲེལ་བའི་བརྡ་དོན་དང་ ཞབས་ཏོག་ཚུ་ གཅིག་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པའི་ཁར་ ན་གཞོན་ཚུ་གི་ བསམ་ལན་དང་ བསམ་འཆར་ཚུ་ བཤད་སའི་ས་གོ་ཅིག་ཨིན་པས།
མ་གཞི་ ཞབས་ཏོག་དེ་ཡང་ གཞུང་ལས་མི་སེར་གྱི་ རྒྱབ་སྐྱོར་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ད་ ཞབས་ཏོག་ལེན་མི་ཡང་ མང་ཤོས་ར་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་དང་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ ན་གཞོན་ལཱ་གཡོག་མ་ཐོབ་མི་ དེ་ལས་ ལཱ་གཡོག་ནང་ འགོ་དང་པ་ འཛུལ་མི་ཚུ་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ བསླབ་སྟོན་པ་ཚུ་གིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ ཧེ་མ་ ཞབས་ཏོག་དེ་ གཞི་བཙུགས་འབད་བའི་སྐབས་ ཞབས་ཏོག་ལེན་མི་ མངམ་མེད་རུང་ གནད་དོན་དེའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་མི་ལུ་བརྟེན་ ད་རེས་ ཡར་སེང་སོང་སྟེ་ཡོདཔ་བཞིན་དུ་ ཞབས་ཏོག་ལེན་མི་ཡང་ སྐྱེས་ལོ་༡༢ ལས་༦༣ བར་ན་ འབད་མི་ཚུ་ཡོདཔ་ཨིན་པས།
བསླབ་སྟོན་ཚུ་ཡང་ རང་སོའི་འགྲུལ་འཕྲིན་ནང་ རིམ་ལུགས་དེ་ ཕབ་ལེན་འབད་དེ་ གནད་དོན་ག་ཅིག་ར་ཨིན་རུང་ གློག་འཕྲིན་ཐོག་ལས་ བཀོད་ཚུགས་ནི་ཨིནམ་བཞིན་དུ་ ཞབས་ཏོག་ཚུ་ བྱིན་ནིའི་དོན་ལུ་ ན་གཞོན་ཚུ་གི་ ཁ་གསལ་ཚུ་ ལེན་བཞག་ཡོད་རུང་ གསང་བའི་ཐོག་ལུ་བཞག་དོ་ཡོདཔ་ཨིན་པས།
ན་གཞོན་ཚུ་ལུ་ བསླབ་སྟོན་ཚུ་ བརྒྱུད་འཕྲིན་ཐོག་ལས་ བྱིན་དོ་ཡོདཔ་བཞིན་དུ་ མང་ཤོས་ར་ རྫོང་ཁག་ག་རའི་ནང་ བསླབ་སྟོན་པ་རེ་ཡོདཔ་ལས་ ཁོང་འབད་སར་ བསླབ་སྟོན་ལེན་པར་ བཏང་དོ་ཡོད་རུང་ ལ་ལོ་ཅིག་གིས་ ན་གཞོན་ལ་ལོ་ཅིག་གིས་ ན་གཞོན་ཡར་སྐྱེད་ཀྱི་ རིམ་ལུགས་(ཨེབསི)དེ་ བསླབ་སྟོན་དགོ་ནིའི་དོན་ལུ་ དབུགས་འགམ་སངས་ནིའི་དོན་ལུ་ རང་སོའི་བསམ་འཆར་ འབྲི་ནིའི་དོན་ལས་ ས་གོ་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ན་གཞོན་ཚུ་གིས་ ཞབས་ཏོག་དེ་ཡང་ མང་ཤོས་ར་ སྤྱིར་བཏང་སྨྱོ་རྫས་དང་ ཆང་ ཕམ་དང་འབྲེལ་བའི་དཀའ་ངལ་ གསོ་བའི་འཕྲོད་བསྟེན་ ཤེས་ཡོན་དཀའ་ངལ་ལ་སོགས་པའི་ གནད་དོན་ཚུ་ ལེན་ནིའི་དོན་ལུ་ ཐོ་བཀོད་འབད་དོ་ཡོདཔ་ད་ ཞབས་ཏོག་གི་དོན་ལས་ ས་གནས་ག་ཏེ་ལས་འབད་རུང་ ཐོ་བཀོད་འབད་ཚུགས་ནི་ཨིན་པས།
ཞབས་ཏོག་ལེན་མི་ཚུ་ཡང་ རྒྱལ་ཁབ་ཕྱི་ཁར་ལུ་ ཤེས་ཡོན་སྦྱང་སྡོད་མི་ འབྲུག་པའི་ན་གཞོན་ཚུ་གིས་ཡང་ ལེན་དོ་ཡོདཔ་ད་ ད་རེས་ ཞབས་ཏོག་སྐོར་ལས་ ཤེས་མི་གངམ་མེདཔ་ལས་ མ་འོངས་པ་ལུ་ ཞབས་ཏོག་ལེན་མི་ ཡར་སེང་འགྱོ་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ ཞབས་ཏོག་གི་དོན་ལུ་ ཟླཝ་རེ་ནང་ མི་གྲངས་༨ དེ་ཅིག་གིས་ ཐོ་བཀོད་འབད་དོ་ཡོདཔ་ཨིན་པས།
བསླབ་སྟོན་པ་ཚུ་གིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ རང་སྲོག་གཅད་ནིའི་ གནད་དོན་རེ་ བརྗེ་སོར་འབད་བ་ཅིན་ ལས་ཁུངས་ཀྱིས་ དེ་འཕྲོ་ལས་ རྒྱབ་སྐྱོར་འབད་ནིའི་ དཔའ་བཅམ་དོ་ཟེར་ཨིན་པས།
ད་རེས་ ལས་ཁུངས་ནང་ ཞབས་ཏོག་ལཱ་འབད་མི་ ཁོང་༢ ལས་བརྒལ་མེདཔ་ལས་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་བཞིན་དུ་ ཞབས་ཏོག་དེ་ལུ་བརྟེན་ ན་གཞོན་ཚུ་ལུ་ ཕན་ཁྱད་བྱུང་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *