ཌོག་ཊར་དང་འཕྱད་ནིའི་དོན་ལུ་ གྱལ་བཙར་སྡོད་མི་ ཕྱི་སྡོད་ནདཔ་ཚུ།

འགྲུལ་འཕྲིན་ཐོག་ལས་ ཌོག་ཊར་དང་འཕྱད་ནིའི་ལས་རིམ་ མཐར་འཁྱོལ་བྱུང་ཡོདཔ།

༉ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ འགྲུལ་འཕྲིན་ཐོག་ལས་ ཌོག་ཊར་དང་འཕྱད་ནིའི་ ལས་རིམ་དེ་ མཐར་འཁྱོལ་ཅན་སྦེ་ འགྱོ་མི་ལུ་བརྟེན་ ད་རུང་ ལས་ཁུངས་༣ ནང་ འགོ་བཙུགས་ནི་ཨིན་པས།
ཞབས་ཏོག་དེ་ སྤྱི་ཟླ་༥ པའི་ བདུན་ཕྲག་༣ པམ་ནང་ བཙུགས་ནིའི་འཆར་གཞི་ཡོད་དེ་འབད་རུང་ ཞབས་ཏོག་སྤྲོད་པའི་སྐབས་ དགོས་མཁོ་ཆེ་བའི་ བརྒྱུད་འཕྲིན་དང་ གློག་རིག་ཀམ་པུས་ཊར་ དེ་ལས་ གློག་རིག་རྒྱུན་ལམ་ཚུ་ མཁོ་སྒྲུབ་འབད་བའི་བསྒང་ཡོད་ནི་དེ་གིས་ བདུན་ཕྲག་༣ པའི་ནང་ ཚུད་མ་ཚུགས་པ་ཅིན་ སྤྱི་ཟླ་༦ པའི་ བདུན་ཕྲག་དང་པམ་ནང་ ཚུད་ཚུགསཔ་སྦེ་ འབད་ནི་ཨིན་པས།
ཞབས་ཏོག་ཚུ་ཡང་ སེམས་ཁམས་ཀྱི་སྡེ་ཚན་དང་ པགས་ནད་སྡེ་ཚན་ དེ་ལས་ གཤག་བཅོས་སྡེ་ཚན་༣ གྱི་དོན་ལུ་ འགོ་བཙུགས་ནི་ཨིན་པས།
འགྲུལ་འཕྲིན་ལས་ཐོག་ལས་ ཌོག་ཊར་དང་འཕྱད་ནི་གི་ དུས་ཚོད་བཟོ་མིའི་ ཞབས་ཏོག་དེ་ ཐིམ་ཕུག་རྒྱལ་ཡོངས་སྨན་ཁང་ནང་ སྤྱི་ཟླ་༣ པའི་ཚེས་༡ ལས་ རྣམ་ཅོ་ལྐོདམ་ དེ་ལས་ ལྷ་པ་སྡེ་ཚན་ སྨན་བཅོས་སྡེ་ཚན་ དེ་ལས་ མོ་ནད་རིག་པའི་ སྡེ་ཚན་ནང་ འགོ་བཙུགས་ནུག།
སྤུས་ཚད་ཁས་ལེན་དང་གནས་ཚད་སྡེ་ཚན་གྱི་ ལས་རིམ་གཙོ་འཛིན་འོགམ་ འཇིགས་མེད་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འགྲུལ་འཕྲིན་ཐོག་ལས་ ཌོག་ཊར་དང་འཕྱད་ནི་གི་ དུས་ཚོད་བཟོ་ནིའི་ ལས་རིམ་དེ་ འགོ་དང་པ་ མི་སེར་ཚུ་གིས་ ཧ་གོ་མ་ཚུགས་ནི་དེ་གིས་ དུམ་གྲ་རེ་ དཀའ་ངལ་བྱུང་ཡོདཔ་ཨིན་རུང་ ད་ལྟོ་ སྟབས་བདེ་ཏོག་ཏོ་ སོང་སྟེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ མི་སེར་དང་ ཌོག་ཊར་གཉིས་ཆ་རའི་ཁ་ཐུག་ལས་ ཞབས་ཏོག་དེ་གིས་ ཕན་ཐོགས་ཡོད་པའི་ལོ་རྒྱུས་ཚུ་ བཤདཔ་མས་ཟེར་ཨིན་པས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ནདཔ་དེ་གིས་ ཌོག་ཊར་དང་འཕྱད་ནིའི་དོན་ལུ་ ཧེ་མ་བཟུམ་སྦེ་ སྨན་ཁང་ནང་ གྱལ་བསྒྲིགས་ཏེ་ སྡོད་མ་དགོ་པའི་ཁེ་ཕན་ཡོདཔ་མ་ཚད་ ཌོག་ཊར་དེ་གི་དོན་ལུ་འབད་རུང་ ནདཔ་རེ་ལུ་ དུས་ཡུན་སྐར་མ་༡༠ རེ་ སྤྲོད་དེ་ཡོད་མི་དེ་གིས་ ཚབ་ཚབ་ག་ཅི་ཡང་ འབད་མ་དགོ་པར་ ནདཔ་དེ་ ལེགས་ཤོམ་སྦེ་ར་ བརྟག་དཔྱད་འབད་ཚུགས་པའི་ ཁེ་ཕན་འདུག་ཟེར་ཨིན་པས།
འཇིགས་མེད་ཆོས་སྒྲོན་གྱིས་འབད་བ་ཅིན་ སྨན་བཅོས་སྡེ་ཚན་དང་ རྣམ་ཅོ་ལྷ་པ་དང་ ལྐདམོ་གི་སྡེ་ཚན་ནང་ འགྲུལ་འཕྲིན་ཐོག་ལས་ ཌོག་ཊར་དང་འཕྱད་ནི་གི་ དུས་ཚོད་བཟོ་མི་དེ་གིས་ དཀའ་ངལ་མ་འཐོན་ཏེ་འབད་རུང་ མོ་ནད་རིག་པའི་སྡེ་ཚན་ནང་ ཨམ་སྲུ་མང་ཤོས་ཅིག་གིས་ དུས་ཚོད་མ་ལེན་པར་ ཕྲངམ་ཕྲང་སར་འོང་མི་ ལེ་ཤ་ཐོནམ་མས་ཟེར་ཨིན་པས།
ཨིན་རུང་ དེ་སྦེ་འོང་མི་ཚུ་ལུ་ གོ་བ་བརྡ་སྤྲོད་ཚུ་ ལེགས་ཤོམ་སྦེ་ སྤྲོད་དོ་ཡོདཔ་ལས་ མ་འོངས་པ་ལུ་ དཀའ་ངལ་ཚུ་ མི་འཐོན་དོ་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཌོག་ཊར་དང་ འཕྱད་ནིའི་དུས་ཚོད་ཚུ་ འགྲུལ་འཕྲིན་ཐོག་ལས་ ལེན་མིའི་སྐོར་ལས་ མི་སེར་མང་ཤོས་ཅིག་གིས་ ཕན་ཐོགས་ཡོད་ལུགས་ཚུ་གི་སྐོར་ལས་ བཤད་དོ་ཡོདཔ་ལས་ མ་འོངས་པ་ནང་ སྡེ་ཚན་ག་ར་ནང་ ཞབས་ཏོག་ཚུ་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
ད་རུང་ མི་སེར་ཚུ་གིས་ ཞབས་ཏོག་དེ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་མ་གོ་ཚུན་ མོ་ནད་རིག་པའི་སྡེ་ཚན་ནང་ དྲོ་པའི་ཆུ་ཚོད་༩ ལས་༡༢:༣༠ ཚུན་ དུས་ཚོད་མ་ལེན་པར་ དེ་སྦེ་ར་ བརྟག་དཔྱད་འབད་བར་འོང་མི་ཚུ་གི་དོན་ལུ་སྦེ་ བཞག་སྟེ་འདུག།
དེ་བཟུམ་སྦེ་ སྨན་བཅོས་སྡེ་ཚན་ནང་ཡང་ དེ་སྦེ་ར་ བཞག་སྟེ་ཡོདཔ་ཨིན་པས།
ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་སྡེ་འཛིན་ ཌོག་ཊར་མགོ་གསར་སྤེན་པ་གིས་ སླབ་མིའི་ནང་ འགྲུལ་འཕྲིན་ཐོག་ལས་ ཌོག་ཊར་དང་གཅིག་ཁར་ འཕྱད་ནིའི་དུས་ཚོད་ཐད་ཁར་ ནདཔ་ལ་ལོ་ཅིག་གིས་ ལེགས་ཤོམ་སླབ་མི་ཐོན་དོ་ཡོདཔ་ཨིན་རུང་ ལ་ལོ་ཅིག་གིས་ ཧེ་མ་ག་བཟུམ་སྦེ་ ཡོད་མི་དེ་ར་ བཞག་རུང་བཏུབ་སྦེ་ སླབ་མི་ཡང་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ཀྱི་རིང་ ནདཔ་ཚུ་གིས་ བསམ་ལན་བཀོད་པའི་སྐབས་ ནདཔ་མང་ཆེ་ཤོས་ཅིག་གིས་ ཞབས་ཏོག་དེ་གིས་ ཁོང་སྨན་ཁང་ནང་ བསྒུག་སྡོད་མ་དགོ་པར་ སྟབས་བདེ་ཏོག་ཏོ་སོང་ཡོདཔ་སྦེ་ སླབ་མི་ཡོད་རུང་ ནདཔ་ལ་ལོ་ཅིག་གིས་ སྨན་ཁང་ནང་ འོངམ་ཅིག་ ཁོང་རའི་སྟབས་བདེ་སྡུག་དང་འཁྲིལ་ཏེ་ ཌོག་ཊར་དང་ཕྱད་སྦེ་ འགྱོ་ནི་དེ་རང་ དྲག་པས་ཟེར་སླབ་མི་འདུག་ཟེར་ཨིན་པས།
ཌོག་ཊར་དང་འགྲུལ་འཕྲིན་ཐོག་ལས་ དུས་ཚོད་བཟོ་ནིའི་ ལས་རིམ་དེ་ སྤྱི་ཟླ་༣ པའི་ཚེས་༡ ལས་ འགོ་བཙུགས་པའི་ཤུལ་ལུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ནདཔ་༤༠༠༠ དེ་ཅིག་ལུ་ ཞབས་ཏོག་ཚུ་ བྱིན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྨན་བཅོས་སྡེ་ཚན་ནང་ ནདཔ་༢༠༠༠ དེ་ཅིག་ལུ་ ཞབས་ཏོག་ཚུ་ བྱིན་ཚུགས་ཏེ་ཡོདཔ་ཨིན་པས།
སྨན་ཁང་ནང་ ཊོག་ཊར་དང་གཅིག་ཁར་ དུས་ཚོད་བཟོ་སྟེ་ འཕྱད་པར་འོང་མི་ སྐྱེས་ལོ་༢༨ ལང་མི་ ཀུན་ལེགས་སྒྲོལ་མ་གིས་ སླབ་མིའི་ནང་ མོ་ར་ ཀྲོང་གསར་ལས་ ཐིམ་ཕུག་ལུ་ ཨ་ལོ་སྨན་བཅོས་འབད་བར་ ཁྱིད་འོང་ཡོདཔ་ལས་ ཞབས་ཏོག་དེ་ སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།
དེ་ཡང་ ཧེ་མ་བཟུམ་སྦེ་ འོང་མ་དགོ་པར་ སྨན་ཁང་ནང་ དུས་ཚོད་ལེན་ཞིནམ་ལས་ ཁོང་གིས་ ཤོག་ཟེར་སླབ་པའི་ དུས་ཚོད་ཁར་འོང་སྟེ་ ཌོག་ཊཪ་དང་གཅིག་ཁར་ དེ་འཕྲོ་ལས་ འཕྱད་ཚུགས་ནི་དེ་གིས་ མི་སེར་ཚུ་གི་དོན་ལུ་ བྱ་སྟབས་བདེ་བས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *