བཟོ་སྐྲུན་དུས་ཡུན་ ཕར་འགྱངས་འབད་མི་ བུམ་ཐང་ནང་འཁོད་གནམ་ཐང་གི་ འགྲུལ་པ་ཐོན་འཛུལ་སྒྲིང་ཁྱིམ།

འགྲུལ་པ་ཐོན་འཛུལ་སྒྲིང་ཁྱིམ་ བཟོ་སྐྲུན་འབད་དོ་ཡོད་མི་དེ་ དུས་ཡུན་ཟླཝ་༦ ཕར་འགྱངས་འབད་ཡོདཔ།

༉ བུམ་ཐང་ནང་འཁོད་གནམ་གྲུ་ཐང་ནང་ འགྲུལ་པ་ཐོན་འཛུལ་སྒྲིང་ཁྱིམ་ བཟོ་སྐྲུན་འབད་དོ་ཡོད་མི་དེ་ དུས་ཡུན་ཟླཝ་༦ ཕར་འགྱངས་འབད་ཡོདཔ་ཨིན་པས།
ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ མ་དངུལ་ས་ཡ་༡༥༨ བཏང་ཐོག་ལས་ བཟོ་སྐྲུན་འབད་དོ་ཡོད་པའི་ ལས་འགུལ་དེ་ རིན་སཱོན་བཟོ་སྐྲུན་ལས་སྡེ་གིས འབད་དོ་ཡོདཔ་ད་ ཁག་འབག་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ཟླ་༨ པའི་ཚེས་༥ ལས་འགོ་བཙུགས་ཡོད་པའི་ ལས་འགུལ་དེ་ དུས་ཅི་སྤྱི་ཟླ་༨ པའི་ཚེས་༤ ལུ་ མཇུག་བསྡུ་དགོཔ་སྦེ་ཨིན་པས།
ལས་འགུལ་མདོ་ཆེན་ མཁའ་འགྲོ་གིས་ སླབ་མིའི་ནང་ དུས་ཡུན་ཟླ་ངོ་༦ ཕར་འགྱངས་འབད་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ ལས་འགུལ་གྱི་དུས་ཡུན་ཟླཝ་༦ གནམ་དགུན་ལུ་ཕོག་ཡོདཔ་ལས་ ལཱ་འབད་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།
དུས་ཡུན་ཕར་འགྱངས་འབད་ནིའི་ ཞུ་བ་དེ་ཡང་ བུམ་ཐང་རྫོང་ཁག་བདག་སྐྱོང་གི་ བཀོད་ཁྱབ་བཀའ་བརྒྱ་ནང་ བཟོ་སྐྲུན་ལས་སྡེ་ཚུ་གི་ གནམ་དགུན་ཟླ་ངོ་༣ རྩི་ས་དང་འབྲེལ་བའི་ ལཱ་འབད་མ་ཆོགཔ་སྦེ་ གནང་མི་ལུ་ གཞི་བཞག་སྟེ་ཨིན་ཟེར་ཨིན་པས།
མཁའ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ལྷན་ཁག་གནས་རིམ་ རིན་བསྡུར་ཚོགས་ཆུང་དང་ ཨེ་ཤི་ཡན་གོང་འཕེལ་༢ ཀྱི་ དུས་ཡུན་ཟླ་ངོ་༦ ཕར་འགྱངས་འབད་ནིའི་ ཆ་འཇོག་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ བུམ་ཐང་ལུ་ གནམ་དགུན་ཟླ་ངོ་༦ གནམ་གཤིས་བསིལ་དྲགས་ཡོདཔ་ལས་ ལཱ་འབད་ནི་མེད་མི་ལུ་ གཞི་བཞག་སྟེ་ཨིནམ་སྦེ་ཨིན་པས།
བུམ་ཐང་ལུ་ ལྟ་བཤལཔ་མཁལ་འགྲུལ་ལག་ལེན་ འཐབ་མི་མངམ་ཡོད་མི་ལུ་ གཞི་བཞག་སྟེ་ འགྲུལ་པ་འཐོན་འཛུལ་དེ་ སྦོམ་སྦེ་ བཟོ་སྐྲུན་འབད་ཡོདཔ་སྦེ་ཨིན་པས།
ད་ལྟོ་ ནང་འཁོད་གནམ་འགྲུ་ཐང་གི་ འཐོན་འཛུལ་ག་ར་ ས་གནས་ཅིག་ནང་ཨིནམ་ད་ འཐོན་འཛུལ་ཁང་གསརཔ་ བཟོ་སྐྲུན་འབད་ཚར་བའི་བསྒང་ལས་ རྒྱལ་སྤྱིའི་གནས་ཚད་དང་བསྟུན་པའི་ མཐུན་རྐྱེན་ཚུ་འོང་ནི་ཨིན་པའི་ཁར་ ཡིག་ཚང་དང་ མེ་བསད་ཡིག་ཚང་ག་ར་ ས་གོ་ཅིག་ནང་ འོང་ནི་ཨིན་པས།
ད་ལྟོ་ ལས་འགུལ་གྱི་ བཟོ་སྐྲུན་བརྒྱ་ཆ་༥༠ དེ་ཅིག་ མཇུག་བསྡུ་ཡོདཔ་ད་ སྤྱི་ཟླ་༩ པའི་ནང་འཁོད་ལུ་ རྩིས་ས་དང་འབྲེལ་བའི་ ལཱ་ག་ར་མཇུག་བསྡུ་འོང་ཟེར་ཨིནམ་ད་ ཤིང་ཆས་ཀྱི་ལཱ་བརྒྱ་ཆ་༩༠ དེ་ཅིག་ གྲུབ་ཡོདཔ་ལས་ ཕྱིའི་བཟོ་སྐྲུན་མཇུག་བསྡུ་ཞིནམ་ལས་ བཙུགས་ཆོག་ཆོ་ཨིན་ཟེར་ཨིན་པས།
གནས་ཚུལ་འབྱུང་ཁུངས་ཅིག་གིས་ སླབ་མིའི་ནང་ ཕར་འགྱངས་འབད་ཡོད་པའི་ དུས་ཡུན་དེ་ནང་ དགུན་ཟླ་༣ ཕོག་དོ་ཡོདཔ་ལས་ ད་རུང་ ཧེ་མ་བཟུམ་སྦེ་ ལས་མི་ཚུ་ གནམ་གཤིས་བསིལ་མི་ལུ་བརྟེན་ སྡོད་མ་བཏུབ་པ་ཅིན་ འགྲུབ་མ་ཚུགས་པའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཨིན་རུང་ ལས་འགུལ་མདོ་ཆེན་ མཁའ་འགྲོ་གིས་ སླབ་མིའི་ནང་ རྩི་སའི་ལཱ་ཚུ་ག་ར་ མཇུག་བསྡུ་བའི་བསྒང་ལས་ དགུན་ཟླ་༣ ནང་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནིའི་ ལཱ་འབད་ནི་ཨིནམ་ལས་ དུས་ཚོད་ནང་མཇུག་བསྡུ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *