༉ རྩི་རང་ འགྲམ་ཕུག་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་༡༥ དེ་ཅིག་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༤:༣༠ ཚུན་ བརྟག་དཔྱད་འབད་བའི་སྐབས་ ནད་གཞི་ཨིན་ཕུ་ལུ་ཡིན་ཟ་ཨེ་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ནུག།
སློབ་ཕྲུག་ཨ་ལོ་༦༠དེ་ཅིག་ སྤྱི་ཟླ་༩ པའི་ཚེས་༡༦ ལས་ ཨིན་ཕུ་ལུ་ཡིན་ཟ་ཨེ་གི་ ནད་རྟགས་ཚུ་བཏོན་ཏེ་ ནདཔ་ཐོན་ཡོདཔ་ད་ སློབ་ཕྲུག་ཚུ་ག་ར་ ལྟོ་ཐོབ་སློབ་ཕྲུག་ཨིན་པས།
ཨིན་ཕུ་ལུ་ཡིན་ཟ་ཨེ་ཐོབ་མི་ སློབ་ཕྲུག་ཚུ་ ཉལ་ཁང་ནང་མེན་པར་ ལྟོ་ཟ་ཁང་གསརཔ་བཟོ་སྐྲུན་འབད་ཡོད་མིའི་ནང་ སྤོ་བཤུད་འབད་བཅུག་མི་དེ་ཡང་ སློབ་ཕྲུག་གཞན་ཚུ་ལས་ སོ་སོར་སྦེ་ བཞག་ནིའི་དོན་ལུ་ཨིན་པས།
སློབ་ཕྲུག་ཚུ་ མགུ་ཏོ་ན་བའི་ཁར་ དྲོད་འབར་རྐྱབ་ གཟུགས་དང་ རུ་ཏོ་ལ་སོགས་པ་ཚུ་ ན་དོ་ཡོད་པའི་ ཉོགས་བཤད་བཀོད་ཡོདཔ་མ་ཚད་ ལ་ལོ་ཅིག་ ཁ་ལས་སྐྱུགས་ཏེ་ ཆབ་གསང་བཤལ་ཡོདཔ་ཨིན་པས།
སློབ་ཕྲུག་པདྨ་བདེ་ཆེན་གྱིས་ བཤད་མི་དང་འཁྲིལཝ་ད་ དྲོད་འབར་རྐྱབ་པའི་ཁར་ ཕྱི་རུ་ཁམས་ཅིག་ལས་ གཟུགས་ཀྱི་ཚིགས་ཚུ་ཡང་ ག་ར་ནཝ་མས་ཟེར་ཨིན་པས།
མོ་ར་ ནད་གཞི་ཨིན་ཕུ་ལུ་ཡིན་ཟ་ཨེ་ ཐོབ་པའི་ཉིནམ་ལས་ གཟུགས་སྟོབས་ཉམས་ཡོདཔ་མ་ཚད་ བཞེས་སྒོ་ཡང་ ཟ་དགོ་མི་མནོ་མས་ཟེར་ཨིན་པས།
སློབ་ཕྲུག་ པདྨ་རྡོ་རྗེ་ཏ་མང་གིས་ སླབ་མིའི་ནང་ མགུ་ཏོ་ན་བའི་ཁར་ དྲོད་འབར་རྐྱབ་ནི་དེ་ རེས་གཟའ་ཟླ་བའི་ དྲོ་པ་ཁམས་་ཅིག་ལས་ འགོ་བཙུགས་ཅི་ཟེར་ཨིན་པས།
ནད་གཞི་དེ་ འགོ་དང་པ་ གཟའ་ཉི་མའི་ ཕྱི་རུ་ཆུ་ཚོད་༥ དེ་ཅིག་ཁར་ ཐོབ་ཡོདཔ་སྦེ་ཨིནམ་ད་ དེ་བསྒང་ ཨ་ལོ་༡༥ སྨན་ཁང་ནང་ཁྱིད་དེ་ བརྟག་དཔྱད་འབད་བའི་སྐབས་ སློབ་ཕྲུག་གཉིས་ལུ་ ཨིན་ཕུ་ལུ་ཡིན་ཟ་ཨེ་ ཐོབ་ཡོདཔ་སྦེ་ཨིན་པས།
ནད་གཞི་ཨིན་ཕུ་ལུ་ཡིན་ཟ་ཨེ་ ཁྱབ་སྤེལ་སོང་ཡོདཔ་ཤེསཔ་ཅིག་ གསོ་བའི་འགོ་དཔོན་ཚུ་གིས་ སློབ་གྲྭའི་དབང་འཛིན་ལུ་ དེ་འཕྲོ་ལས་ ནད་རྟགས་བཏོན་ཡོད་མི་ སློབ་ཕྲུག་ཚུ་ སོ་སོར་བཞག་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཨིན་ཕུ་ལུ་ཡིན་ཟ་ཨེ་གི་ ནད་རྟགས་བཏོན་མི་ སློབ་ཕྲུག་གི་ གྱངས་ཁ་དེ་ ཡར་སེང་སོང་མི་དང་འཁྲིལ་ཏེ་ གཟའ་ཟླ་བའི་ཚེ་ གསོ་བའི་འགོ་དཔོན་དང་ སྨན་གཡོགམོ་ཚུ་གིས་ བརྟག་དཔྱད་འབད་བར་ སོང་ཡོདཔ་ཨིན་པས།
བརྟག་དཔྱད་སྡེ་ཚན་དེ་ སློབ་གྲྭ་ནང་ ལྷོད་པའི་སྐབས་ སློབ་ཕྲུག་༡༢༤ ལུ་ ཨིན་ཕུ་ལུ་ཡིན་ཟ་ཨེ་གི་ ནད་རྟགས་བཏོན་ཡོདཔ་ད་ དེ་ནང་ སློབ་ཕྲུག་༦ ལུ་ ཨིན་ཕུ་ལུ་ཡིན་ཟ་ཨེ་ ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཨིན་ཕུ་ལུ་ཡིན་ཟ་ཨེ་གི་ ནད་རྟགས་དང་ ཆ་འདྲ་སུ་སྦེ་ཡོད་མི་ ཨ་ལོ་༥༣ ལུ་ སློབ་ཕྲུག་གཞན་ཚུ་དང་གཅིག་ཁར་ ཉལ་ཁང་གཅིག་ནང་མེན་པར་ སོ་སོར་སྦེ་ བཞག་དགོཔ་སྦེ་ སླབ་ཅི་ཟེར་ གསོ་བའི་འགོ་དཔོན་གྱིས་བཤད་ཅི།
རྫོང་ཁག་གསོ་བའི་འགོ་དཔོན་ བཀྲིས་ཟླ་བ་གིས་ འབད་བ་ཅིན་ གསོ་བའི་ཁ་ཐུག་ལས་ ལྟ་རྟོག་དང་ བརྟག་དཔྱད་ཚུ་ འབད་མི་དང་འཁྲིལ་ཏེ་ ཨིན་ཕུ་ལུ་ཡིན་ཟ་ཨེ་གི་ ནད་རྟགས་བཏོན་མིའི་ གྱངས་ཁ་མར་བབས་སོང་ཡོདཔ་སྦེ་ཨིནམ་ད་ ཉིནམ་གསུམ་པམ་ནང་ ནད་རྟགས་བཏོན་མི་ ཁོང་༨ ལས་ མ་འཐོན་ཟེར་ཨིན་པས།
གསོ་བའི་ཁ་ཐུག་ལས་ སློབ་ཕྲུག་གཞན་ཚུ་ འཕྲོད་བསྟེན་དང་ལྡནམ་སྦེ་ སྡོད་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ ཚ་གྱང་ལང་དགོཔ་མེད་ཟེར་ སླབ་ཡོདཔ་ཨིན་པས།
རྩི་རང་རྫོང་ཁག་ནང་ ཨིན་ཕུ་ལུ་ཡིན་ཟ་ཐོན་མི་དེ་ ཐེངས་གསུམ་པ་ཨིནམ་ད་ ཟླ་ངོ་༡ གི་ཧེ་མར་ མནྜལ་སྒང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་༡༠༠དེ་ཅིག་ ནདཔ་ཐོན་ཡོདཔ་མ་ཚད་ ཉིན་གྲངས་༢ ཀྱི་ནང་འཁོད་ལུ་ ལྟ་རྟོག་དང་ བརྟག་དཔྱད་ཚུ་འབད་དེ་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཚུགས་ཡོདཔ་སྦེ་ཨིན་པས།
བདུན་ཕྲག་ཧེ་མའི་ནང་ མཚོ་གླིང་ཁ་སློབ་གྲྭ་ཆུང་བའི་ སློབ་ཕྲུག་༢༥ ལུ་ ཨིན་ཕུ་ལུ་ཡིན་ཟ་ཨེ་ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།