འགྲམ་ཕུག་ཁྲོམ་དང་ ལྕང་ཅེ་བར་ནའི་ འཁོར་ལམ་གུ་ རྩི་ནག་གཏང་པའི་བསྒང་།

འགྲམ་ཕུག་ཁྲོམ་དང་ ལྕང་ཅེ་བར་ནའི་ འཁོར་ལམ་ཉམས་བཅོས་ཀྱི་ལཱ་ ཧ་སུ་སྦེ་ མཇུག་བསྡུ་ནི།

༉ རྩི་རང་འགྲམ་ཕུག་ཁྲོམ་ལས་ ལྕང་ཅེ་བར་ནའི་ འཁོར་ལམ་ཉམས་བཅོས་ཀྱི་ལཱ་དེ་ ཟླཝ་འདི་ནང་ རྩི་ནག་གཏང་ཚར་ནི་ཨིནམ་ལས་ འགྲོ་འགྲུལ་ འབད་མི་ཚུ་ལུ་ ཧེ་མ་བཟུམ་སྦེ་ དཀའ་ངལ་མི་འབྱུང་ནི་ཨིན་པས།

ཀི་ལོ་མི་ཊར་༡༡ འབད་མི་ འཁོར་ལམ་དེ་ ཧོག་ཀ་ལེ་ཤ་ཐོན་ཏེ་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ་ལས་ ད་རེས་ དོང་ཚུ་བསུབས་ཡོད་པའི་གུ་ ཀི་ལོ་མི་ཊར་༦.༥ འབད་མི་ ཆུ་གཡུར་བསལ་ཡོདཔ་ད་ གྱང་རྩིག་ཚུ་རྐྱབ་སྟེ་ འདས་པའི་གཟའ་ཟླཝ་ནང་ལས་ རྩི་ནག་གཏང་ནིའི་་ལཱ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།

ཟླཝ་༡༠ འབད་མི་ ཁག་འབག་གི་དུས་ཡུན་དེ་ ན་ཧིང་ སྤྱི་ཟླ་༧ པ་ལས་ འགོ་བཙུགས་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༥ པའི་ ནང་ མཇུག་བསྡུ་ནི་ཨིན་པས།

རྫོང་ཁག་བཟོ་རིག་འགོ་དཔོན་གཙོ་འཛིན་ ཀིན་ཏུ་གིས་ སླབ་མིའི་ནང་ ལཱ་ཚུ་འཆར་གཞི་དང་འཁྲིལ་འགྱོ་བ་ཅིན་ དུས་ཚོད་བཀོད་མི་ལས་ ཧེ་མ་མཇུག་བསྡུ་ཚུགས་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ལས་སྣ་གཞན་ཚུ་བཟུམ་སྦེ་ ནད་ཡམས་ཐོན་མི་དེ་གིས་ གོང་འཕེལ་གྱི་ལཱ་དེ་ལུ་ ཐོ་མ་ཕོག་ཟེར་ཨིནམ་ད་ ལས་འགུལ་དེ་ནང་ ནང་འཁོད་ཀྱི་ལས་མི་ཚུ་ བཙུགས་ཏེ་ལཱ་འབད་ཡོདཔ་ཨིན་པས།

འཁོར་ལམ་ཉམས་བཅོས་ཀྱི་ལཱ་ཚུ་ འབད་ཚར་བའི་ཤུལ་ལས་ སེམས་ལྗོངས་དང་ གསེར་གྱི་ཐང་ ཕུན་རྟན་ཆུ་ མགོ་གསར་གླིང་ དེ་ལས་ དུང་ལ་སྒང་རྒེད་འོག་ཚུ་བརྩིས་ཏེ་ རྒེད་འོག་བདུན་ལུ་ ཕན་ཐོགས་ནི་ཨིན་པས།

རྒེད་འོག་བདུན་གྱི་ སོ་ནམ་པ་ཚུ་གིས་ སོ་ནམ་དང་སྒོ་ནོར་གྱི་ཐོན་སྐྱེད་ཚུ་ མང་ཤོས་ར་ ཉེ་འདབས་ཀྱི་ཁྲོམ་སྡེ་ འགྲམ་ཕུག་ལུ་ འབག་འགྱོ་དོ་ཡོདཔ་ད་ རྫོང་ཁག་གཞན་ཚུ་ནང་འགྱོ་བའི་སྐབས་ལུ་ཡང་ འཁོར་ལམ་དེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

འཁོར་ལམ་དེ་ སྤྱི་ལོ་༡༩༨༥ དང་༡༩༨༧ གྱི་བར་ན་ འགོ་དང་པ་ རྩི་ནག་བཏང་ཡོདཔ་ད་ མགོ་གསར་གླིང་རྒེད་འོག་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ དེའི་ཤུལ་ལས་ ཉམས་བཅོས་དུམ་གྲ་རེ་མ་གཏོགས་ མ་འབད་བས་ཟེར་ཨིན་པས།

ལཱ་དེ་ འགོ་དང་པ་ དངུལ་ཀྲམ་ས་ཡ་༢༣ སྦེ་ སྤྲོད་ཡོད་རུང་ ལཱ་ཐེབས་འབད་དགོཔ་ལས་ ད་རུང་ དངུལ་ཀྲམ་ས་ཡ་༣ ཆ་འཇོག་འབད་དེ་ཡོད་ཟེར་ ཀིན་ཏུ་གིས་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *