འགན་འཁྲི་བཀལ་ནི་མེད་མི་ལུ་བརྟེན་ རྒྱལ་ཁབ་ལུ་ འབྱེམ་ཕོག་དོ་ཡོདཔ།

༉ ཤིང་མཁར་དང་ སྒོར་གཱན་གྱི་ ཕྲང་ལམ་ཀི་ལོ་མི་ཊར་༥༦ འབད་མི་དེ་ ཌན་ཊག་ལས་འགུལ་ལུ་མེན་པར་ ལམ་སེལ་ལས་ཁུངས་ལུ་ སེལ་བཅུག་ནི་གི་ གྲོས་ཐག་བཅད་མི་དེ་ ལེགས་ཤོམ་ཨིན་མས།
མ་གཞི་ ཕྲང་ལམ་སེལ་ནིའི་དོན་ལུ་ རང་བཞིན་གནས་སྟངས་ཀྱི་ ཉོགས་མེད་ལག་ཁྱེར་ ཐོབ་མ་ཚུགས་མི་ལུ་བརྟེན་ ལས་འགུལ་དེ་ གནས་སྐབས་ཅིག་ མཚམས་འཇོག་འབད་དེ་ཡོད་རུང་ འཁོར་ལམ་དེ་ འབྲུག་གི་སྲུང་སྐྱོབས་ས་ཁོངས་ནང་ལས་ སེལ་དགོ་ནི་དེ་གིས་ ལམ་ག་དེ་སྦེ་ སེལ་ནི་ཨིན་ན་ ལས་འགུལ་འཛིན་སྐྱོང་འཐབ་མི་ ལམ་སེལ་ལས་ཁུངས་ཀྱིས་ ཐབས་ལམ་ཚུ་ བཏོན་དགོཔ་ཨིན་མས།
བུམ་ཐང་རྫོང་ཁག་ ཤིང་མཁར་ལས་ ལྷུན་རྩེ་རྫོང་ཁག་ སྒོར་གཱན་ཚུན་ ཕྲང་ལམ་སེལ་ནི་དེ་ འདས་པའི་གཞུང་གི་སྐབས་ལས་ར་རྩོད་རྙོགས་ཐོན་ཏེ་ སྲིད་དང་འབྲེལ་བའི་ གནད་དོན་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ རང་བཞིན་གནས་སྟངས་མཁས་མཆོག་ཚུ་གིས་ ཕྲང་ལམ་དེ་ སྲུང་སྐྱོབ་ས་ཁོངས་གཙོ་ཅན་ནང་ལས་ སེལ་ནི་ལུ་ ཚ་གྱང་ཡོད་ལུགས་ བཤད་པའི་ཁར་ ལྷག་པར་དུ་ འབྲུག་གི་ནགས་ཚལ་དང་ རང་བཞིན་གནས་སྟངས་ཉམས་སྲུང་བཅའ་ཡིག་དང་ སྒྲིག་གཞི་ཚུ་ནང་ཡང་ གླིང་ག་ནང་ལས་ ལམ་སེལ་མ་ཆོགཔ་ ཡོད་ནི་དེ་གིས་ཨིན་མས།
ད་རེས་འབདཝ་ད་ བཅའ་ཡིག་དང་ སྒྲིག་གཞི་ཚུ་ འཕྲི་སྣོན་འབད་ཡོདཔ་མ་ཚད་ མཐའ་འཁོར་གནས་སྟངས་ལུ་ གནོད་ཉེན་ཡོད་པའི་སྐོར་ རྒྱབ་འགལ་སྒྲིང་སྒྲི་འབད་མི་ མ་ཐོན་རུང་ ལམ་སེལ་ནི་དེ་ མཚམས་འཇོག་འབད་དེ་ར་ཡོདཔ་ད་ རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ ཁ་ཐུག་ལས་འབད་རུང་ ཉོགས་མེད་གནང་བ་བྱིན་བཏུབ་ནི་བཟུམ་ཅིག་ མི་མཐོངམ་མས།
ཕྲང་ལམ་སེལ་ནིའི་སྐོར་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་བསྡུར་གནངམ་ད་ ཌན་ཊག་ལས་འགུལ་གྱིས་ ལམ་སེལ་བའི་སྐབས་ དུས་ཚོད་མང་སུ་ འགོར་དོ་ཡོད་པའི་ ཚ་གྱང་ཚུ་ བཤད་ཡོདཔ་ད་ ཚོགས་སྡེའི་འཐུས་མི་ཚུ་གིས་འབད་བ་ཅིན་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་ཁར་ འདམ་ཆུ་ཕྲང་ལམ་སེལ་བའི་བསྒང་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ མཇུག་མ་བསྡུ་བར་ཡོད་པའི་ཁར་ དེ་བཟུམ་སྦེ་ ཆུ་འཛོམས་དང་ ཧཱ་འདམ་ཐང་གི་ ལམ་དེ་ཡང་ གྲུབ་འབྲས་སྦོམ་ ཐོན་ནི་མེད་པར་ ལུས་ཏེ་འདུག་ཟེར་ཨིན་མས།
ད་རུང་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་བར་ནའི་ གཞུང་ལམ་དང་ བཀྲིས་སྒང་ལས་ མོང་སྒར་ཡ་ལྡི་བར་ནའི་ ལམ་རྒྱ་སྐྱེད་འབད་བའི་བསྒང་ཡོད་མི་ཚུ་གི་སྐོར་ལས་ཡང་ དྲི་བཀོད་འབད་ཡོད་རུང་ ཞབས་ཏོག་བློན་པོ་གིས་ ཚ་གྱང་དེ་ཚུ་ལུ་ ལན་གསལ་མ་གསུངསམ་ལས་ མགུ་འཐོམ་པའི་ གཞི་དོན་ལུ་གྱུར་ནུག།
ང་བཅས་ཀྱི་ མི་སྡེ་དཔལ་འབྱོང་གོང་འཕེལ་ འགྱོ་བའི་བསྒང་ཨིནམ་ལས་ མི་སྡེ་ཚུ་དང་ འབྲེལ་མཐུད་འབད་ནིའི་དོན་ལུ་ འཁོར་ལམ་ཚུ་ མཁོ་གལ་ཆེཝ་ཨིན་རུང་ གཞི་རྟེན་གོང་འཕེལ་ལས་སྣ་ཚུ་ བསྣར་འགྱངས་བཞག་པ་ཅིན་ མི་སྡེ་ལུ་ གནོད་པ་ཡོདཔ་མ་ཚད་ ལཱ་འཛིན་སྐྱོང་འཐབ་མིའི་ མིང་གནས་ལུ་ཡང་ ཐོ་ཕོགཔ་ཨིན།
དེ་བཟུམ་མའི་ ཚ་གྱང་ལང་མི་ཚུ་ལུ་ ངོས་ལེན་མ་འབད་བ་ཅིན་ གཞུང་སྐྱོང་ལུ་ཡང་ སྐྱོན་བརྗོད་དང་ ཁ་གཏང་ནི་གི་ གོ་སྐབས་བྱིནམ་ཨིན།
བཙག་འཐུ་ལས་གྲུབ་པའི་ གཞུང་འབད་ཞིནམ་ལས་ མི་སེར་གྱི་ ཚ་གྱང་ཚུ་ སྣང་ཆུང་སྦེ་ བཞག་ནི་མེན་པར་ ཁས་བླངས་ཚུ་ འགྲུབ་ཚུགས་པར་ ལཱ་ཁག་ཡོད་རུང་ ལན་གསལ་རྐྱབ་ནི་དེ་ ག་ནི་བ་གལ་ཆེ།
ད་རེས་ནངས་པར་ གཞུང་གི་ཁ་ཐུག་ལས་ ཤིང་མཁར་-སྒོར་གཱན་གྱི་ ཕྲང་ལམ་དེ་ སྲུང་སྐྱོབ་ས་ཁོངས་ནང་ལས་ བཏོན་ནི་གི་ ཨུ་ཚུགས་བསྐྱེད་དོ་བཟུམ་ ལྟ་རྟོག་དང་ འགན་འཁྲི་ཚུ་ནང་ འཐུས་ཤོར་བྱུང་མི་ཚུ་ལུ་ འགན་འཁྲི་དམ་སྒྲིང་བཀལ་བ་ཅིན་ རྒྱལ་ཁབ་ཀྱི་ གོང་འཕེལ་དང་འབྲེལ་བའི་ ལས་སྣ་ག་ཅི་བཟུམ་ཨིན་རུང་ དུས་ཚོད་ཁར་ མཇུག་བསྡུ་སྟེ་ མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་སྦོམ་ འབྱུང་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

སློབ་དཔོན་ལངམ་མེད་པའི་དཀའ་ངལ?

༉ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ སློབ་ཕྲུག་༢,༠༠༠ ལྷགཔ་རེ་ འཐོན་དོ་ཡོདཔ་ལས་ ལཱ་གཡོག་གི་ གོ་སྐབས་ཚད་ཅིག་ལས་བརྒལ་མེད་མི་ལུ་ ཨུ་ཚུགས་སྦོམ་བྱུངམ་ཨིན་མས། སྤྱི་ལོ་༢༠༢༠ ལུ་ ལཱ་གཡོག་མ་ཐོབ་མིའི་ ཚད་གཞི་དེ་ བརྒྱ་ཆ་༢.༣༧ …

Leave a Reply

Your email address will not be published. Required fields are marked *