འགན་ཁུར་འདྲ་མཉམ་ཕོག་མི་དང་བསྟུན་ འགན་འཁྲི་བཀལ་དགོཔ།

༉ ད་རེས་ནངས་པར་ མི་སྡེ་བརྡ་བརྒྱུད་ཝི་ཅེཊ་དང་ གདོང་དེབ་ཕེསི་བུཀ་ཚུ་ནང་ ཡོངས་གྲངས་སྦེ་ ཁྱབ་སྤེལ་སོང་སྟེ་ཡོད་པའི་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ཐོག་ལས་ ཇ་པཱན་ལུ་ ཤེས་ཡོན་སྦྱང་ནི་དང་འབྲེལ་ ལཱ་འབད་བར་སོང་མི་ ན་གཞོན་སློབ་ཕྲུག་ཚུ་གི་ གནད་དོན་དེ་ལུ་ ང་བཅས་ར་ ན་འཐན་སྦེ་ར་ བསམ་ཞིབ་འབད་བལྟ་བ་ཅིན་ འགན་འཁྲི་འདྲ་མཉམ་སྦེ་ར་ བཀལ་དགོཔ་བཟུམ་ཅིག་འདུག།
མ་གཞི་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ བི་ཨོ་ཨི་ཟེར་མི་ ཕྱི་རྒྱལ་ལཱ་གཡོག་ལས་སྡེའི་ ཇོ་བདག་༢ ཀྱིས་ ཡིག་ཆ་རྫུས་མ་བཟོ་བའི་ དོགས་པ་ལུ་བརྟེན་ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་ཡོདཔ་ལས་ ཉོགས་བཤད་བཀོད་མི་ ཨ་ལོའི་ཕམ་དང་ ན་གཞོན་སློབ་ཕྲུག་ཚུ་ བསམ་པ་རྫོགས་ནི་ཨིན་རུང་ ལ་ལོ་ཅིག་ སེམས་དང་མ་ལྡན་པར་ ཡོདཔ་འོང་ནི་ཨིན་མས།
དེ་ཡང་ ག་འཆར་ཟེར་བ་ཅིན་ ད་རེས་ནངས་པར་ ང་བཅས་རའི་ རྒྱལ་ཁབ་ནང་ ཀུན་གྱིས་མཁྱེན་གསལ་ཆེ་དོ་བཟུམ་སྦེ་ མཐོ་རིམ་ཤེས་ཡོན་སྦྱངས་ཚར་བའི་ཤུལ་ལུ་ ན་གཞོན་སྟོང་ཕྲག་ལས་བཅད་དེ་ ལཱ་གཡོག་མ་འཐོབ་པའི་ དུས་ཚོད་ལཱ་ཁག་ཅིག་ནང་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་གིས་ ཇ་པཱན་ལུ་ ཤེས་ཡོན་སྦྱང་ནི་དང་ ལཱ་འབད་ནིའི་ལས་རིམ་བཟོ་མི་དེ་ ཐབས་ཤེས་ལེགས་ཤོམ་ཅིག་ཨིན་པའི་ཁར་ ན་གཞོན་ཚུ་གི་དོན་ལུ་ཡང་ གོ་སྐབས་བཟང་པོ་ཅིག་ཨིན་མས།
ན་གཞོན་དང་ ཕམ་ཚུ་གིས་འབད་རུང་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་བརྒྱུད་དེ་ ཇ་པཱན་ལུ་འགྱོ་ནི་གི་ གོ་སྐབས་ལེན་ནིའི་དོན་ལུ་ ཨུ་ཚུགས་རྐྱབ་མི་དང་བསྟུན་ ལས་སྡེ་གིས་འབད་རུང་ ཁོང་ར་ ཚོང་ལཱ་འབད་མི་ཅིག་ཨིནམ་ལས་ ངོས་ལེན་འབད་ཡོད་པའི་ ཤེས་རྟོགས་བྱུངམ་ཨིན་མས།
འདས་པའི་ཟླཝ་ཚུ་ནང་ ཤེས་ཡོན་སྦྱང་ནི་དང་ ལཱ་འབད་ནིའི་ལས་རིམ་ལུ་བརྟེན་པའི་ རྩོད་རྙོགས་དང་ སྐྱོན་བརྗོད་ཚུ་ རྒྱལ་ཁབ་མཐའ་དབུས་མེད་པར་ ཚབས་ཆེན་ཅིག་སྦེ་ ཐོན་པའི་ཤུལ་ལུ་ ལས་གཡོག་བློན་པོ་གིས་གཙོས་པའི་ འཐུས་མི་ངོ་ཚབ་ཚུ་དང་ ཕྱི་རྒྱལ་ལཱ་གཡོག་ལས་སྡེའི་ ཇོ་བདག་ཚུ་གིས་ གནས་སྟངས་བརྟག་ཞིབ་འབད་ནི་དང་ དཀའ་ངལ་ཚུ་ སེལ་ཐབས་འབད་ནིའི་དོན་ལས་ ཇ་པཱན་ལུ་ ལྟ་སྐོར་འབད་མི་ལུ་ལྟཝ་ད་ གཞུང་གི་ཁ་ཐུག་ལས་འབད་རུང་ ཆ་རོགས་དང་ རྒྱབ་སྐྱོར་ཚུ་ ག་དེ་དྲག་དྲག་འབད་ནུག།
དེ་བཟུམ་སྦེ་ ཕམ་གི་ཚོགས་ཆུང་གིས་འབད་རུང་ དཀའ་རྙོགས་ཅན་གྱི་ གནད་དོན་འདི་ སེལ་ཐབས་འབད་ནི་དང་ འཐུས་ཤོར་བྱུང་མི་ཚུ་ ངོས་འཛིན་འབད་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་མི་དེ་ ལོགས་ཤོམ་ཅིག་ཨིན་མས།
ལོ་རྒྱུས་གོ་དོ་བཟུམ་འབད་བ་ཅིན་ ཨ་ལོའི་ཕམ་དང་ ན་གཞོན་ཚུ་གིས་འབད་རུང་ ཇ་པཱན་ལུ་འགྱོ་ནིའི་གོ་སྐབས་ ལེན་ནིའི་དོན་ལུ་ བྱ་རིམ་ཚུ་ནང་ ལམ་ལུགས་དང་མ་འཁྲིལ་བར་ རིམ་པ་འགོམ་འགྱོ་མིའི་སྐོར་ལས་ ཧ་གོ་དགོཔ་འདུག་ཟེར་ ཨིན་མས།
ཨིན་རུང་ ད་ལྟོ་ གནད་དོན་འདི་ ངེས་བདེན་ཨིན་ན་མེན་ན་ དབྱེ་དཔྱད་འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་གིས་ བརྟག་ཞིབ་འབད་དོ་ཡོད་མི་དང་བསྟུན་ གྲུབ་འབྲས་འཐོན་ཚུགས་པའི་ རེ་བ་ཡོད།
ལྟ་རྟོག་པ་ཚུ་གིས་ བསམ་བཀོད་འབད་མིའི་ནང་ དཀའ་རྙོགས་འདི་ ན་གཞོན་དང་ཕམ་ ཡང་ཅིན་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་རྐྱངམ་གཅིག་ལུ་མེན་པར་ ལམ་ལུགས་ནང་ འཐུས་ཤོར་སྦོམ་བྱུང་ནུག་ཟེར་ ཨིན་མས།
རྒྱུ་མཚན་འདི་ལུ་བརྟེན་ ཤེས་ཡོན་སྦྱང་ནི་དང་ ལཱ་འབད་ནིའི་ལས་རིམ་ནང་ འབྲེལ་གཏོགས་འབད་མི་ ཆ་མཉམ་ལུ་ར་ འགན་འཁྲི་བཀལ་དགོཔ་བཟུམ་ཅིག་ཡོད་མི་དེ་ཡང་ འདྲ་མཉམ་ཐོག་ལས་ འགན་ཁུར་འབག་སྟེ་ ཡོད་ནི་དེ་གིས་ཨིན།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *