འགག་སྡེའི་སྤེལ་རྒྱབ་དང་ བཙོན་པ་༣ ལུ་ ནང་གསུག་སྤྲོད་ལེན་གྱི་བཙོན་ཁྲིམས།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༡ པ་གིས་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་༡ ལུ་ ཤེས་བཞིན་དུ་ འཛོལ་བ་བཟོ་མི་དང་ ནང་གསུག་ལེན་པའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་༢ བཀལ་ནུག།
དེ་ཡང་ སྐྱེས་ལོ་༣༤ ལང་མི་ སྤེལ་རྒྱབ་རིག་འཛིན་རྡོ་རྗེ་གིས་ གསེར་གྱི་ནག་ཚོང་འཐབ་མིའི་ རྩོད་དོན་ནང་ བཙོན་ཁྲིམས་འབག་པའི་བསྒང་ཡོད་མི་ ཕོ་སྐྱེས་༣ སྤྱི་ལོ་༢༠༡༦ ཟླཝ་༡༡ པ་དང་ ན་ཧིང་ སྤྱི་ཟླ་༡ པའི་ནང་ ཁོང་གི་བཟའ་ཟླ་ཚུ་དང་ཕྱད་པར་ བཙོན་ཁང་ནང་ལས་བཏང་སྟེ་ དངུལ་ཀྲམ་༡༧,༠༠༠ ནང་གསུག་ལེན་ཡོད་པའི་ ཉེས་ཁྲིམས་ཕོག་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢༠ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ རྩོད་ཟླ་སྤེལ་རྒྱབ་ཀྱིས་ འབྲུག་གི་ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལས་ འགལ་སོ་ནུག།
འཁྲུན་ཆོད་ནང་ སྤྱི་ལོ་༢༠༡༦ ཟླ་༡༡ པའི་ནང་ སྒྲིག་གཡོག་ཨིན་མི་ སྤེལ་རྒྱབ་དེ་གིས་ བཙོན་པ་ཁྱུང་བདུད་དབང་ཕྱུག་ལུ་ ཁོ་ར་ ཁྱིམ་ནང་འགྱོ་དགོ་མནོ་བ་ཅིན་ ཁྱིམ་ནང་འགྱོ་ནི་མས་ཟེར་ སླབ་ནུག་ཟེར་བཀོད་ནུག།
དེ་བསྒང་ རྩོད་ཟླ་དེ་གིས་ ཐབས་ཤེས་ཅིག་བཏོན་ཐོག་ལས་ བཙོན་པ་ཁྱུང་བདུད་དབང་ཕྱུག་དེ་ སྨན་ཁང་ནང་ ཁྱིད་བསྐྱལ་ཡོདཔ་ད་ དེ་ཡང་ ཁོང་གཉིས་ ཁྲིམས་སྲུང་འགག་སྡེའི་ བཙོན་པའི་སྣུམ་འཁོར་གྱིས་ སྨན་ཁང་གི་ སྣུམ་འཁོར་བཞག་སར་ཚུན་ བསྐྱལ་ཡོདཔ་ཨིན་རུང་ ཁོང་གིས་ སྨན་ཁང་ནང་མེན་པར་ གླ་འཁོར་ཅིག་ནང་འཛུལ་ཏེ་ ཁྱུད་བདུད་དབང་ཕྱུག་གི་ཁྱིམ་ནང་ སོང་ཡོདཔ་ཨིན་པས།
སྤེལ་རྒྱབ་རིག་འཛིན་རྡོ་རྗེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བྱིན་མིའི་ནང་ ཁྱུང་བདུད་དབང་ཕྱུག་གིས་ དེ་ཚེ་ཕྱི་རུ་ ཁོ་གི་ལག་པར་ དངུལ་ཀྲམ་༥,༠༠༠ སྤར་རི་རྐྱབ་སྟེ་ བཙུགས་བྱིན་དེས་ཟེར་བཀོད་ནུག།
མ་གཞི་ རྩོད་བཤེར་སྐབས་ ཁོ་གིས་ ཏི་རུ་བསྐྱི་བསྐྱིཝ་ཨིན་ཟེར་ ཞུ་ཡོད་རུང་ ཁུངས་བསྐྱལ་མ་ཚུགསཔ་ཨིན་པས།
ད་རུང་ རྩོད་ཟླ་གིས་ དུས་ཚོད་སོ་སོ་ཅིག་ནང་ ཁྱུང་བདུད་དབང་ཕྱུག་དང་ བཙོན་པ་གཞན་ རིག་འཛིན་དེ་ ཁྱིམ་ནང་བཏང་ཡོདཔ་བཞིན་དུ་ རིག་འཛིན་གྱི་ ཉེ་ཚན་ལས་ དངུལ་ཀྲམ་༧,༠༠༠ ལེན་ཡོདཔ་ད་ ན་ཧིང་ སྤྱི་ཟླ་༡ པའི་ནང་ ཁོ་གིས་ བཙོན་པ་རིན་ཆེན་རྡོ་རྗེ་དེ་ བཙོན་ཁང་ནང་ལས་ ཕྱི་ཁར་བཏང་པའི་ཤུལ་ལུ་ ཁོ་ལས་ དངུལ་ཀྲམ་༥,༠༠༠ ལེན་ནུག་ཟེར་ཨིན་པས།
སྤེལ་རྒྱབ་དེ་ སྤྱི་ལོ་༢༠༡༧ ཟླ་༡ པའི་ཚེས་༣༡ ལུ་ འཛིན་བཟུང་འབད་དེ་ སྤྱི་ཟླ་༣ པའི་ཚེས་༣ ལུ་ བར་ན་རྒྱབ་མི་དང་ གློད་འཐུས་བཙུགས་ཏེ་ དོ་དམ་འོག་ལས་ བཏང་ཡོདཔ་ད་ ཁོ་ར་ ཁྲིམས་སྲུང་འགག་སྡེའི་ དྲག་པོའི་ཁྲིམས་ཁང་ནང་ ཁྲིམས་གཅོད་འབད་ཡོདཔ་ཨིན་པས།
རྩོད་ཟླ་སྤེལ་རྒྱབ་ཀྱིས་ བཙོན་འཐུས་དངུལ་ཀྲམ་༨༤,༥༠༠ བཏབ་ཡོདཔ་ཨིན་པས།
བཙོན་པ་ཁྱུང་བདུད་དབང་ཕྱུག་དང་ རིན་ཆེན་རྡོ་རྗེ་ རིག་འཛིན་༣ གྱིས་ སྤེལ་རྒྱབ་ལུ་ ནང་གསུག་རྐྱབ་པའི་ བཙོན་ཁྲིམས་ལོ་ཕྱེད་དང་གཉིས་བཀལ་ཡོདཔ་ད་ ཁོང་ཆ་ཁྱབ་ གསེར་ནག་ཚོང་ནང་ འབྲེལ་གཏོགས་འབད་བའི་ རྩོད་བཤེར་དེ་ མངོན་མཐོ་ཁྲིམས་འདུན་གྱིས་ ཕྱིར་འགྱངས་འབད་དེ་ བཞག་ཡོད་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *