འཁོར་ལམ་མེད་སར་ རྟ་དྲེལ་ཚུ་གིས་ འོང་འབབ་ལེགས་ཤོམ་བཟོ་དོ་ཡོདཔ།

༉ ད་རེས་ནངས་པར་ གོང་འཕེལ་འགྱོ་མི་དང་བསྟུན་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ འཁོར་ལམ་ཚུ་ མཐུད་སྦྲེལ་འབད་ཡོདཔ་ལས་ རྟ་དྲེལ་གྱི་ དགོས་མཁོ་མེདཔ་ ཡར་སོ་རུང་ ས་གནས་དག་པ་ཅིག་ནང་ ད་ལྟོའི་བར་ན་ཡང་ དོ་སྐྱེལ་འདྲེན་གྱི་དོན་ལུ་ རྟ་དྲེལ་ཚུ་ ལག་ལེན་འཐབ་བཞིན་དུ་ཡོདཔ་ཨིན་པས།
དེ་ཡང་ དཔེར་ན་ བསམ་གྲུབ་ལྗོངས་མཁར་ཁྲོམ་དང་ བདེ་བ་ཐང་གི་བར་ན་ ཀི་ལོ་མི་ཊར་༨ དེ་ཅིག་གི་ས་གནས ཨཱཊ་ཀི་ལོ་ལུ་ གློག་ཤུགས་ཀེ་བི་༡༣༢ འབད་མི་ མོ་ཏང་ག་དང་ ངང་ལམ་བར་ནའི་ གློག་མེ་རྒྱུན་སྤེལ་གྱི་དོན་ལུ་ གློག་མེ་ཚད་སྤེལ་གྱི་ ཀ་རིང་བཟོ་སྐྲུན་འབད་སར་ བྱེམ་དང་རྩི་ས་ དེ་ལས་ རྡོ་རུག་ཚུ་ སྐྱེལ་འདྲེན་འབད་མི་ རྟ་དྲེལ་༥༠ དེ་ཅིག་བཙུགས་ནུག།
རྒྱུ་ཆས་ཚུ་ཡང་ རྟ་དེ་ཚུ་གིས་ འཁོར་ལམ་ལས་ ཁ་ཡར་བལྟ་སྟེ་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ གྱེན་འཛེགས་ཐོག་ལས་ ཉིནམ་རེ་ནང་ དོ་ཚར་༢ རེ་ སྐྱེལ་དོ་ཡོདཔ་ད་ འདི་བཟུམ་སྐྱེལ་འདྲེན་འབད་དེ་ ཟླཝ་༢ དེ་ཅིག་ ལང་ཡོདཔ་ཨིན་པས།
རྟ་རེ་གིས་ ཉིནམ་རེ་ལུ་ དོ་གླ་དངུལ་ཀྲམ་༩༠༠ དེ་རེ་ ཐོབ་དོ་ཡོདཔ་ད་ དོ་ཚུ་སྐྱེལ་འདྲེན་འབད་ཚར་བའི་ཤུལ་ལུ་ རྟ་དྲེལ་ཚུ་ གཞུང་ལམ་བདའ་སྟེ་ རྩྭ་ཟ་བར་ བཏང་བཞགཔ་ཨིན་པས།
ཧཱ་ལས་ སྐྱེས་ལོ་༢༧ ལང་མི་ རྒྱ་མཚོ་གིས་ སླབ་མིའི་ནང་ ད་རེས་ རྟ་བདའ་སྟེ་ བཟོ་སྐྲུན་ས་ཁོངས་ནང་ གནམ་དགུན་ལུ་ སྐྱེལ་འདྲེན་གྱི་ ལཱ་འབད་དགོ་མི་དེ་ཡང་ སེམས་ཅན་ཚུ་གིས་ འཁོར་ལམ་མེད་པའི་ ས་ཁོངས་ཚུ་ནང་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་ནི་དེ་གིས་ཨིན་ཟེར་ཨིན་པས།
སྡེ་ཚན་དེ་ནང་ མི་རེ་ལུ་ རྟ་དྲེལ་༤ ལས་༡༥ གི་བར་ན་ཡོད་མི་ བཟའ་ཚང་༧ ཡོདཔ་ད་ རྟ་༡༥ ཡོད་མི་ རྒྱ་མཚོ་གིས་ རྟ་ཚུ་ལས་ ཉིནམ་རེ་ནང་ འོང་འབབ་དངུལ་ཀྲམ་༢༨,༠༠༠ ལྷགཔ་རེ་ བཟོ་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྟ་ཚུ་དང་ ལཱ་འབད་ནི་དེ་ ལཱ་ཁག་ཡོད་རུང་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་བྱུང་པས་ཟེར་ཨིན་པས།
རྒྱ་མཚོ་དང་ ཧཱ་ལས་ ཁོ་རའི་མཉམ་རོགས་ཚུ་ ཚལ་ལུའི་དུས་ཚོད་སྐབས་ ཚལ་ལུ་སྐྱེལ་འདྲེན་གྱི་དོན་ལུ་ ཉེ་འདབས་ཀྱི་རྫོང་ཁག་ བསམ་རྩེ་ལུ་ འགྱོ་དོ་ཡོདཔ་ཨིན་པས།
ད་རུང་ བཟོ་སྐྲུན་ས་ཁོངས་ནང་ རྟ་དྲེལ་ཚུ་གི་ཐོག་ལས་ དོ་སྐྱེལ་འདྲེན་འབད་མི་ རྒྱ་མཚོ་དང་ ཁོ་གི་ མཉམ་རོགས་ཚུ་རྐྱངམ་གཅིག་མེན་པར་ ངང་ལམ་ཁ་ཐུག་ལུ་ཡང་ གློག་མེ་ཚད་སྤེལ་གྱི་ ཀ་རིང་བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ རྟ་དྲེལ་༧༠ འབད་མི་ སྡེ་ཚན་ཅིག་ བཙུགས་ཏེ་ཡོདཔ་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རིང་ཚད་ཀི་ལོ་མི་ཊར་༣༤ འབད་མི་ མོ་ཏང་ག་དང་ ངང་ལམ་བར་ནའི་ གློག་མེ་རྒྱུན་སྤེལ་གྱི་དོན་ལུ་ ཚད་སྤེལ་གྱི་ ཀ་རིང་༩༣ དེ་ཅིག་ བཟོ་སྐྲུན་འབད་དགོཔ་ཡོད་མི་ལས་ བརྒྱ་ཆ་༥༠ ལྷགཔ་ཅིག་ གྱེན་ལམ་བདའ་སྟེ་ རྒྱུ་ཆས་ཚུ་ མི་དང་སེམས་ཅན་གྱིས་ སྐྱེལ་འདྲེན་འབད་དགོཔ་ ཙང་ཙ་ཡོད་ཟེར་ཨིན་པས།
བཟོ་སྐྲུན་གྱི་ ལཱ་ཚུ་ཡང་ སྤྱི་ལོ་༢༠༡༥ ཟླ་༦ པ་ལས་ འགོ་བཙུགས་ཡོདཔ་ད་ འབྲུག་གློག་མེ་ལས་འཛིན་ནང་ལས་ ལས་འགུལ་ལྟ་རྟོག་འབད་མི་ བཟོ་རིག་གཙོ་འཛིན་འགོ་དཔོན་ སྐལ་བཟང་གིས་ སླབ་མིའི་ནང་ གློག་ཐག་གི་ རྒྱུན་ལམ་ཚུ་ འཁོར་ལམ་མེད་སར་ཡོདཔ་ལས་ མི་དང་སེམས་ཅན་གྱིས་འབག་སྟེ་ མ་བསྐྱལ་བར་ བྱ་ཐབས་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཟོ་སྐྲུན་ས་ཁོངས་ནང་ མི་དང་སེམས་ཅན་གྱིས་ སྐྱེལ་འདྲེན་འབད་དགོ་མི་ ས་གནས་ཚུ་གི་གྲས་ལས་ ཉུང་ཤོས་ར་ འཁོར་ལམ་ལས་ མི་ཊར་༥༠༠ དང་ མཐོ་ཤོས་དུས་ཡུན་ཆུ་ཚོད་༤ དེ་ཅིག་ ལམ་འགྱོ་དགོ་པའི་ རི་དང་སྤོ་ཏོ་གུ་ལས་ཕར་ཡོདཔ་བཞིན་དུ་ རྟ་གིས་ སྐྱེལ་འདྲེན་འབད་ནི་གི་ འོས་འབབ་མེད་པའི་ཅ་ཆས་ ལྕགས་ལ་སོགས་པ་ཚུ་ མི་གིས་ བསྐྱལ་དོ་ཟེར་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *