སོ་ནམ་ཞིང་ལམ་གྱི་གནས་སྟངས།

འཁོར་ལམ་ཉམས་བཅོས་ཀྱི་དོན་ལུ་ ལས་མི་དང་ ཅ་ཆས་ཚུ་ལངམ་སྦེ་ མཁོ་སྤྲོད་འབད་དགོཔ།

༉ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ འཁོར་ལམ་གྱི་ལཱ་ཚུ་ ཡར་དྲག་གཏང་ནི་དང་ ཟད་འགྲོའི་ཁེ་ཕན་གྱི་དོན་ལུ་ དུས་རྒྱུན་ཉམས་བཅོས་ཀྱི་ལཱ་ནང་ འོས་འབབ་ཡོད་པའི་ ལས་མི་དང་ ཅ་ཆས་ཚུ་ལངམ་སྦེ་ མཁོ་སྤྲོད་འབད་དགོ་པའི་ གྲོས་འདེབས་ཕུལ་མི་ལུ་ ཆ་འཇོག་གནང་ཡི།

འཐུས་མི་ཚུ་གིས་འབད་བ་ཅིན་ གཞུང་ལམ་དང་ རྒེད་འོག་ལྟེ་བའི་ལམ་ སོ་ནམ་ཞིང་ལམ་གང་རུང་ནང་ མི་སྟོབས་མ་ལང་པའི་ དཀའ་ངལ་དང་ ལྟ་རྟོག་ལེགས་ཤོམ་མ་འབད་མི་ལུ་བརྟེན་ འཁོར་ལམ་ཉམས་བཅོས་དང་ སྤུས་ཚད་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནུག་ཟེར་ཨིན་པས།

དར་དཀར་ནང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ སུར་ཇ་མཱན་ཐ་པ་གིས་ ད་རེས་ཀྱི་ གནས་སྟངས་ནང་ རྒེད་འོག་ལྟེ་བའི་འཁོར་ལམ་ ཀི་ལོ་མི་ཊར་༢ དང་ གཞུང་ལམ་ཀི་ལོ་མི་ཊར་༡.༥ ལས་མི་ཅིག་གིས་ ལྟ་རྟོག་དང་ ཉམས་བཅོས་འབད་མི་ལུ་བལྟཝ་ད་ སྤུས་ཚད་ཀྱི་ མནོ་བསམ་ར་ བཏང་མི་དགོ་པས་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ ལཱ་འབད་མི་ཚུ་ཡང་ ཨམ་སྲུ་ཨིནམ་ལས་ འཁོར་ལམ་གྱི་ གཡུར་བ་སེལ་ནི་དང་ རྡོ་ལ་སོགས་པ་ཚུ་ འཐུ་ནི་ཡང་ གདོང་ལེན་བྱུང་སྟེ་འདུག་ཟེར་ཨིནམ་ད་ ས་གོ་ལ་ལོ་ཅིག་ནང་ ལས་འགུལ་ཅིག་ འོང་དོ་ཟེར་ འཁོར་ལམ་ཉམས་བཅོས་འབད་མི་བཏུབ་པས་ཟེར་ཞུ་ཡི།

འཐུས་མི་ལ་ལོ་གིས་ ཞུ་མིའི་ནང་ ཁག་འབགཔ་ལ་ལོ་ཅིག་ལུ་ འཕྲུལ་ཆས་མེདཔ་ལས་ འཁོར་ལམ་གྱི་ སྤུས་ཚད་ལུ་ གནོད་པ་བྱུང་སྟེ་ཡོད་པའི་ཁར་ ས་གནས་ལ་ལོ་ཅིག་ནང་ འཁོར་ལམ་གྱི་ ལཱ་ཚུ་ག་ར་ བཀྲམ་བཞག་སྟེ་ འཕྲོ་མཐུད་དེ་ འབད་མ་ཚུགས་པའི་ དཀའ་ངལ་ཡང་འདུག་ཟེར་ཞུ་ཡི།

མཁར་-གཡུ་རུང་གི་འཐུས་མི་ ཚེ་རིང་ཆོས་སྒྲོན་གྱིས་ འཁོར་ལམ་ལ་ལོ་ཅིག་ སྤུས་ཚད་མེད་པའི་ཁར་ ཚར་ཅིག་བསལ་བའི་ཤུལ་ལས་ ཉམས་བཅོས་ཚར་ཅིག་ཡང་ མ་འབད་བའི་ཁར་ ལམ་ལོ་ཅིག་ནང་ རྩྭ་སྐྱེས་ཏེ་ ཚལ་མ་བཟུམ་ཅིག་ལུ་ གྱུར་སོང་ནུག་ཟེར་ཞུ་ཡི།

གནད་དོན་དེ་གི་སྐོར་ལས་ རྒེད་འོག་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་ འཁོར་ལམ་ལ་ལོ་ཅིག་ རྒེད་འོག་ལྟེ་བའི་ལམ་དང་ གཞུང་ལམ་གྱི་ དབྱེ་ཁག་ནང་ མ་ཚུད་མི་ལུ་བརྟེན་ ཉམས་བཅོས་འབད་མ་ཚུགས་ཟེར་ སླབ་མས་ཟེར་ འཐུས་མི་གིས་ཞུ་ཡི། 

འཁོར་ལམ་ཚུ་ སྤུས་ཚད་དང་ལྡནམ་སྦེ་ བཞག་དགོ་པ་ཅིན་ རྒྱལ་ཡོངས་ལས་མིའི་ གླ་ཆ་ཚུ་ཡང་ ཡར་སེང་འབད་ནིའི་ དུས་ཚོད་རན་ཡོད་མི་དེ་ཡང་ ད་རེས་ ཉིནམ་རེ་ལུ་ དངུལ་ཀྲམ་༢༡༥ རྐྱངམ་གཅིག་ ཐོབ་མས་ཟེར་ཞུ་ཡི།

འཐུས་མི་ཚུ་གིས་ སོ་ནམ་པ་ཚུ་ལུ་ དཀའ་ངལ་གཙོ་བོ་ར་ ཞིང་ལམ་གྱི་ གནས་སྟངས་ལེགས་ཤོམ་མེད་མི་དང་ ཉམས་བཅོས་འབད་དགོ་པའི་ སྙན་ཞུ་ཐོན་བཞིན་དུ་ཡོདཔ་ལས་ ད་ལས་ཕར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཞིང་ལམ་དེ་ཡང་ ལས་འབྲེལ་རྩིས་ཞིབ་འབད་བ་ཅིན་ ཕན་ཁྱད་འབྱུང་ནི་མས་ཟེར་ཨིན་པས།

ད་རེས་ རྒྱལ་ཁབ་ནང་ གཞུང་ལམ་ཀི་ལོ་མི་ཊར་༤,༧༨༣ དང་ ཞིང་ལམ་ཀི་ལོ་མི་ཊར་༩,༨༨༢ དེ་ཅིག་ཡོདཔ་ཨིན་པས།

ཐིམ་ཕུག་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཚེ་དབང་རིག་འཛིན་གྱིས་ ཞུ་མིའི་ནང་ མི་སེར་ལུ་ ཕན་པའི་ལམ་དེ་ ཞིང་ལམ་ཨིན་རུང་ སྲིད་བྱུས་དང་ ལམ་ལུགས་ཚུ་ལུ་ བལྟ་བ་ཅིན་ འདྲ་མཉམ་མེད་མི་དེ་ཡང་ གཞུང་དང་ ཡན་ལག་ཚུ་ཨིན་པ་ཅིན་ ས་དེ་ གཞུང་བཞེས་འབད་བ་ཅིན་ རྒུད་འཐུས་དང་ ས་ཚབ་འཐོབ་ནི་ཡོད་རུང་ ཞིང་ལམ་གྱི་ཐད་ལུ་ འཐོབ་ནི་མེད་ཟེར་ཨིན་པས།

དམངས་རྩིས་ཚོགས་ཆུང་གིས་ འཁོར་ལམ་ཉམས་བཅོས་གུ་ འཆར་གཞི་བརྩམ་ནི་དང་ གཙོ་རིམ་སྒྲིག་ནི་ ཡར་དྲག་གཏང་ནིའི་དོན་ལུ་ འཁོར་ལམ་རྒྱུ་དངོས་དང་ བརྡ་དོན་འཛིན་སྐྱོང་གི་ལམ་ལུགས་ གཞི་བཙུགས་ཐོག་ ལག་ལེན་འཐབ་དགོ་པའི་ཁར་ ལམ་གྱི་བཅའ་ཁྲིམས་དང་ ལམ་སྟོན་ཚུ་དང་འཁྲིལ་ཏེ་ འཁོར་ལམ་ཚུ་ སྤུད་ཚད་ཡོདཔ་ངེས་བརྟན་བཟོ་ནིའི་དོན་ལུ་ ལྟ་རྟོག་དང་ འགོ་འདྲེན་ལེགས་ཤོམ་འཐབ་དགོ་པའི་ གྲོས་འདེབས་ཕུལ་ཡི།

སྐྱེངས་མཁར་-ཝི་རིང་ལའི་འཐུས་མི་ རིག་འཛིན་རྒྱ་མཚོ་གིས་ གཞུང་གི་ཁ་ཐུག་ལས་ འཛིན་སྐྱོང་གི་ འཆར་གཞི་ ལེགས་ཤོམ་བཟོ་དགོ་པའི་ཁར་ མ་དངུལ་གྱི་ གཙོ་རིམ་སྒྲིག་དགོཔ་འདུག་ཟེར་ཞུ་ཡི།

ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ལས་འབྲེལ་རྩིས་ཞིབ་དེ་ འགོ་དང་པ་ཨིནམ་ལས་ ཞིང་ལམ་ཚུ་ལུ་ རྩིས་ཞིབ་འབད་ནི་ཕར་བཞག་ ཞབས་ཏོག་ལྷན་ཁག་གི་ ལུང་ཕྱོགས་ཡིག་ཚང་༩ ཡོད་མི་ལས་༥ མ་གཏོགས་ ལས་འབྲེལ་རྩིས་ཞིབ་འབད་མ་ཚུགས་ཟེར་ཞུ་ཡི།

ད་རེས་ གཞུང་གིས་ རྒྱལ་ཡོངས་ལས་མིའི་ གླ་ཆ་ཡར་སེང་འབད་མ་ཚུགས་པར་ཡོདཔ་ད་ ལས་མི་སྤྱིར་བཏང་ལས་ བལྟ་བ་ཅིན་ བརྒྱ་ཆ་༡༠ རྐྱངམ་གཅིག་ཨིནམ་ད་ བརྒྱ་ཆ་༩༠ དེ་ དངུལ་ཀྲམ་༤༦༠ གིས་ འགབ་ཚུགས་ཟེར་ ཞབས་ཏོག་བློན་པོ་གིས་ཞུ་ཡི།

ཞབས་ཏོག་བློན་པོ་གིས་ གཞུང་གི་ཁ་ཐུག་ལས་ ཞིང་ལམ་ཚུ་གི་ སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ འཁོར་ལམ་ཚུ་ རྡོ་སྒྲིག་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ གོ་རིམ་དང་པའི་ ལཱ་མཇུག་བསྡུ་སྟེ་ གོ་རིམ་༢ པ་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་འོང་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *