འཁོར་ལམ་གྱི་ སྤུས་ཚད་ལུ་ གཙོ་རིམ་བཟུང་དགོཔ།

༉ འཁོར་ལམ་ཚུ་ གོང་འཕེང་ལཱ་གི་དོན་ལུ་ ཁག་ཆེ་བའི་ གཞི་རྟེན་ངོ་མ་ཅིག་ཨིནམ་བཞིན་དུ་ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ མཐའ་དབུས་མེད་པའི་ ས་གནས་ཚུ་ནང་ འཁོར་ལམ་སེལ་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིན།
འཁོར་ལམ་ཚུ་ལུ་བརྟེན་ ང་བཅས་ཀྱི་ མི་སེར་ཚུ་ ཕར་ཚུར་རྒྱུན་འགྲུལ་འཐབ་ནི་ལུ་ ཕན་ཐོགས་སྦོམ་ བྱུང་སྟེ་ཡོདཔ་མ་ཚད་ འཆར་གཞི་༡༡ པ་དང་༡༢ པའི་ནང་ རྒེད་འོག་ལྟེ་བའི་ འཁོར་ལམ་ཚུ་གུ་ རྩི་ནག་བཏང་ཚར་བའི་བསྒང་ལས་ ལྷག་པར་དུ་ རྒྱུན་འགྲུལ་ཚུ་ སྟབས་བདེ་ཏོག་ཏོ་ འབྱུང་ནི་མས།
རྒེད་འོག་ལྟེ་བའི་ ལམ་མང་ཤོས་ཅིག་ར་ རྩི་ནག་བཏང་པའི་བསྒང་ཡོདཔ་ཨིན་རུང་ ལམ་ལ་ལོ་ཅིག་ནང་ རྩི་ནག་བཏང་མ་ཚརཝ་ལས་ར་ རྩི་ནག་སྦོག་འགྱོ་ནི་ འགོ་བཙུགས་ཏེ་ ལམ་ཧོ་ཀ་ཐོན་ཡོད་པའི་ མཐོང་སྣང་བྱུངམ་ཨིན་མས།
དེ་གི་ནང་དོན་ཉིད་ལས་ གཞུང་ལམ་ཚུ་ རྒྱུན་འགྲུལ་འཐབ་མི་ཚུ་གི་དོན་ལུ་ སྲོག་ལམ་བཟུམ་ཅིག་ཨིནམ་ལས་ འཁོར་ལམ་གྱི་ གནས་སྟངས་ལེགས་ལྡན་ཐོག་ རྒྱུན་སྐྱོང་འཐབ་ནི་དེ་ གནམ་མེད་ས་མེད་ཁག་ཆེཝ་བཞིན་དུ་ གཞུང་གིས་འབད་རུང་ ལམ་ཚུ་གི་དོན་ལས་ མ་དངུལ་ཐེར་འབུམ་ལས་བཅད་དེ་ ཟད་འགྲོ་བཏང་བཞིན་དུ་ཡོདཔ་ཨིན།
འདི་འབདཝ་ད་ ཁག་འབགཔ་ཚུ་གིས་ སྤྱིར་བཏང་མི་མང་གི་ བདེ་ཐབས་དང་ རྒྱལ་ཁམས་ལུ་ སྐུ་གྱོང་ཕོག་མི་ལུ་ མནོ་བསམ་མ་བཏང་པར་ ཁེ་སང་བཟོ་ནི་ལུ་ར་ ཤུགས་བཏོན་མི་ལུ་བརྟེན་ སྤུས་ཚད་ལུ་ ཐོ་སྦོམ་སྦེ་ར་ ཕོགཔ་ཨིན་མས།
གཞུང་ལམ་ཚུ་གི་གྲས་ལས་ པདྨ་དགའ་ཚལ་ངང་ལམ་དང་ གཞལམ་སྒང་པཱན་སྦང་གི་བར་ན་ གཞུང་ལམ་ཀི་ལོ་མི་ཊར་༥༥ འབད་མི་དེ་ ཇ་པཱན་གྱི་ བཟོ་སྐྲུན་ལས་སྡེ་ཅིག་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༩༨༨ དེ་ཅིག་གི་ཐོག་ལས་ སེལ་མི་དེ་ ངང་ལམ་གྱི་ ཁ་ཐུག་ལས་ སྤྱི་ལོ་༢༠༡༥ ཟླ་༥ པའི་ནང་དང་ པཱན་སྦང་གི་ཁ་ཐུག་ལས་ སྤྱི་ཟླ་༡༡ པའི་ནང་ མཇུག་བསྡུ་ནུག།
དེ་འབདཝ་ད་ གཞུང་ལས་གུ་ལས་ རྩི་ནག་བཏང་སྟེ་ ལོ་༡ ཡང་མ་ལངམ་ལས་ རྩི་ནག་ཚུ་ སྦོག་སོང་སྟེ་ ད་རེས་ནངས་པར་ ལམ་ཧ་ཀ་ཧོ་ཀ་ ལེ་ཤ་ཐོན་ཡོདཔ་ལས་ ལམ་གནས་སྟངས་སྐྱོ་དྲགས་ཐལ་མི་དེ་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ཨིན་མས།
མ་གཞི་ གཞུང་གིས་ ངང་ལམ་དང་ པཱན་སྦང་གི་ གཞུང་ལམ་གྱི་ གནས་སྟངས་ལུ་ ཞིབ་དཔྱད་རྐྱབ་ཡོདཔ་ལས་ འབྲེལ་བ་ཡོད་མི་ཚུ་ལུ་ འགན་འཁྲི་བཀལ་ཡོད་རུང་ ད་ལྟོ་ གཞུང་ལམ་དེ་ ཉམས་བཅོས་འབད་སར་ མི་མཐོངམ་མས།
འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་འགྱོ་མིའི་ གནད་དོན་གཞན་དེ་ གཡུར་བ་ལེགས་ཤོམ་སྦེ་ མ་སེལ་ནི་དེ་གིས་ཨིནམ་ད་ དཀའ་ངལ་དེ་བཟུམ་ ཐོན་མི་ཚུ་ལུ་ལྟཝ་ད་ གཙོ་བོ་ར་ འཆར་གཞི་ལེགས་ཤོམ་མེད་མི་དང་ ཁག་འབགཔ་ཚུ་གིས་འབད་མི་ ལཱ་ཚུ་ལུ་ བརྟག་ཞིབ་མ་འབད་བར་ རྩིས་ལེན་མི་ལུ་བརྟེན་ འོང་ནི་བཟུམ་མཐོངམ་མས།
ང་བཅས་ཀྱིས་ ཟད་འགྲོ་ལུ་མ་བལྟ་བར་ སྤུས་ཚད་ལུ་ གཙོ་རིམ་བཟུང་པ་ཅིན་ འཁོར་ལམ་ཡང་བསྐྱར་དུ་ ཉམས་བཅོས་འབད་དགོཔ་ མི་འཐོན་ནི་དང་ རྒྱལ་ཁམས་ཀྱི་ ཟད་འགྲོ་ལུ་ཡང་ ཕན་ཁྱད་འབྱུང་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *