༉ སྤ་རོ་བོང་སྡེ་ལུ་ ཌཱན་ཊག་ལས་འགུལ་གྱིས་ ཕྱི་རྒྱལ་གྱི་མགྱོནམ་ཚུ་ བྱོན་ལེགས་ཞུ་བའི་ བརྡ་བྱང་སྦོམ་ཅིག་ ལྷོང་ཡོད་མིའི་སྐོར་ལས་ རྫོང་ཁག་ཚོགས་འདུ་ནང་ གྲོས་བསྡུར་གནང་ཡོདཔ་མ་ཚད་ སྤྱིར་བཏང་མི་མང་དང་ བརྡ་བརྒྱུད་ཀྱིས་ ཉོགས་བཤད་བཀོད་པའི་ཤུལ་ལས་ ན་ཧིང་ སྤྱི་ཟླ་༤ པའི་ནང་ བརྡ་བྱང་དེ་ བསྒྱུར་བཅོས་འབད་མི་དེ་ལུ་ འབྲུག་མི་ཚུ་ལས་ ངོས་ལེན་ལེགས་ཤོམ་ཐོབ་ཅི།
བརྡ་བྱང་དེ་གུ་ ཌཱན་ཊག་གིས་ མགྱོནམ་ཚུ་ སྤ་རོ་ལུ་ བྱོན་པ་ལེགས་སོ་ཡོད་ཟེར་ བྲིས་ཡོད་མི་ལུ་བལྟ་སྟེ་ འབྲུག་པའི་མི་སེར་ཚུ་ལུ་ སེམས་དང་མ་ལྡནམ་ བྱུང་མི་དེ་ཡང་ ཕྱིའི་མགྱོནམ་ཆེ་འབྲིང་ཆུང་གསུམ་ག་ར་ རྒྱལ་ཁབ་ནང་འོངམ་ད་ ང་བཅས་རའི་ རྒྱལ་ཁབ་ཀྱིས་ བྱོན་ཞུ་འབད་དགོཔ་མ་གཏོགས་ ཕྱིའི་ལས་སྡེ་གིས་ འབད་དགོ་པའི་ འོས་ཁུངས་མེད་ནི་དེ་གིས་ཨིན་མས།
འབྲུག་གནས་ཚད་ལས་སྡེ་གིས་ཡང་ རྒྱལ་ཁབ་ནང་ འཁོར་ལམ་གྱི་ བརྡ་སྟོན་དང་ བརྡ་བྱང་གཅིག་མཚུངས་དང་ གནས་ཚད་ཅན་བཟོ་མི་དེ་ ན་ཧིང་ སྤྱི་ཟླ་༤ པའི་ཚེས་༧ ལུ་ ཆ་འཇོག་གྲུབ་མི་དང་འཁྲིལཝ་ད་ ལམ་སེལ་ལས་ཁུངས་ཀྱིས་ འཁོར་ལམ་གྱི་ གནས་ཚད་ཅན་གྱི་ བརྡ་སྟོན་དང་ བརྡ་བྱང་ཚུ་ ལག་ལེན་འཐབ་དགོཔ་ཨིན་མས།
ལམ་འགྲུལ་ཉེན་སྲུང་གི་ བརྡ་སྟོན་དང་ ལམ་རྟགས་ཚུ་ གནས་ཚད་ཅན་ བཟོ་དགོ་མིའི་ དམིགས་ཡུལ་དེ་ར་ རྒྱལ་ཁབ་ནང་འཁོད་ལུ་ འཁོར་ལམ་བདའ་སྟེ་ བརྡ་སྟོན་དང་ ལམ་སྟོན་ཚུ་ གཅིག་མཚུངས་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ཨིནམ་ད་ ལམ་རྟགས་དང་ བརྡ་བྱང་ཚུ་ གནས་ཚད་དང་ལྡནམ་སྦེ་ ཡོད་པ་ཅིན་ ལམ་འགྲུལ་འབད་མི་ཚུ་གིས་ ཉེན་སྲུང་གི་ བརྡ་དོན་འཐོབ་ཚུགས་ནི་དང་ ལམ་གྱི་གནས་སྟངས་ ག་དེ་སྦེ་ཡོདཔ་ཨིན་ན་ ཁྱེགས་དང་ཁཝ་ཚུ་ཡོད་སར་ དྲན་ཤེས་བཏོན་དགོ་པའི་ བརྡ་དོན་ཚུ་ གསལ་བཀོད་འབད་མི་དེ་གིས་ གྲ་སྒྲིག་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།
དེ་སྦེ་ འཁོར་ལམ་གྱི་ བརྡ་སྟོན་དང་ ལམ་རྟགས་ཚུ་ གནས་ཚད་ཅན་བཟོ་བའི་སྐབས་ འབྲེལ་ཡོད་ལས་སྡེ་ དཔེར་ན་ འབྲུག་བརྒྱུད་འཕྲིན་དང་ འབྲུག་གི་ལྟ་བཤལ་ཚོགས་སྡེ་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་བརྡ་སྟོན་དང་ ཌཱན་ཊག་ལས་འགུལ་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་ཚུ་དང་ གྲོས་བསྟུན་འབད་ཡོདཔ་ལས་ གནད་དོན་དེ་གི་སྐོར་ ག་ར་ལུ་ ཤེས་རྟོགས་བྱུང་ནུག།
འདི་འབདཝ་ད་ ལམ་རྟགས་དང་ བརྡ་སྟོན་ཚུ་ གནས་ཚད་ཅན་བཟོ་སྟེ་ ལོ་ལང་ཡོད་རུང་ ད་རེས་ནངས་པར་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གཞུང་ལམ་གྱི་བར་ན་ ཌཱན་ཊག་ལས་འགུལ་གྱིས་ ལམ་རྟགས་བྲིས་ཡོད་མི་ཚུ་ མ་བསྡུ་བར་ དེ་སྦེ་ར་ ཡོད་པའི་ཁར་ རྒྱ་གར་ཨ་སམ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ སྒོ་ར་ནང་ འཛུལ་ཚར་བའི་ཤུལ་ལུ་ ཁྲོམ་གྱི་འཛུལ་ལམ་ནང་ལྷོདཔ་ད་ འབྲུག་ཤར་ཕྱོགས་ལུ་ ཌཱན་ཊག་ལས་ བྱོན་པ་ལེགས་སོ་ཡོད་ཟེར་ བརྡ་བྱང་སྦོམ་ཅིག་ ལྷོང་ཡོད་མི་དེ་ བསྒྱུར་བཅོས་མ་འབད་བར་ དེ་སྦེ་ར་བཞག་ནུག།
དེ་མ་ཚད་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ ཟམ་བརྒལ་ཏེ་ ཤར་ཕྱོགས་ཁ་ཐུག་ལུ་འགྱོ་སའི་ ལམ་བདའ་སྟེ་ ཌཱན་ཊག་གིས་ བརྡ་བྱང་དག་པ་ཅིག་ ལྷོང་ཡོད་མི་ཚུ་ལུ་ལྟཝ་ད་ ལམ་སེལ་ལས་ཁུངས་ལུ་ འགན་ཁུར་བཀལ་ཡོད་མི་དེ་ ཤོ་སྙོམས་སྦེ་ མ་འབག་པའི་ མཐོང་སྣང་བྱུངམ་མས།
འདས་པའི་ཉམས་མྱོང་དང་འཁྲིལཝ་ད་ འབྲུག་ལུ་ གནད་དོན་ག་ཅིའི་སྐོར་ལས་འབད་རུང་ ཉོགས་བཤད་བཀོད་མི་ཐོནམ་ད་རྐྱངམ་གཅིག་ གཙོ་རིམ་བཟུང་སྟེ་ གྲོས་ཐག་བཅད་པའི་ཤུལ་ལུ་ སྣང་མེད་བསྐྱུར་བཞག་པའི་ཁར་ འབྲེལ་ཡོད་ལས་སྡེ་ཚུ་གིས་ཡང་ རྗེས་དཔྱད་འབད་ནི་མེདཔ་ལས་ བཅའ་ཁྲིམས་དང་ བཅའ་ཡིག་ སྒྲིག་གཞི་ཚུ་ ལག་ལེན་མེད་པར་ ཤོག་གུ་ཐོག་ལུ་ ལུས་མི་ལུ་བརྟེན་ དཀའ་ངལ་བྱུངམ་ཨིན་མས།
ལམ་རྟགས་དང་ བརྡ་བྱང་ཚུ་གིས་ འབྲུག་གི་ཐུན་མོང་མ་ཡིན་པའི་ ལམ་སྲོལ་བཟང་པོ་དང་ ངོ་རྟགས་ཚུ་ གསལ་སྟོན་འབད་དོ་ཡོདཔ་ལས་ འབྲུག་གནས་ཚད་ལས་སྡེ་གིས་ ཆ་འཇོག་འབད་མི་ འཁོར་ལམ་གྱི་ བརྡ་སྟོན་དང་ ལམ་རྟགས་ཚུ་ ལམ་སེལ་ལས་ཁུངས་ཀྱིས་ ལག་ལེན་འཐབ་ཐོག་ལས་ ཕྱིའི་ལས་འགུལ་ཚུ་གི་ བརྡ་བྱང་དང་ བརྡ་སྟོན་ཚུ་ བསྒྱུར་བཅོས་འབད་ནི་དེ་ ག་ནི་གལ་ཆེ།
འདི་འབདཝ་ལས་ ལམ་སེལ་ལས་ཁུངས་ཀྱིས་ དམིགས་བསལ་གྱི་ འགན་ཁུར་དེ་ ཚུལ་ལྡན་སྦེ་ འབག་ཐོག་ལས་ རྒྱལ་ཁབ་ཀྱི་ ངོ་རྟགས་དང་ རང་བཙན་ཉེན་སྐྱོབ་འབད་ནི་ལུ་ ག་དེ་དྲག་དྲག་ ལྷན་ཐབས་འབད་དགོ།
Check Also
མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།
༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …