འཁོར་ལམ་གྱི་གནས་སྟངས་ ལེགས་བཅོས་འབད་ནིའི་འགན་འཁྲི?

༉ སྤྱིར་བཏང་ལུ་ རྒྱལ་ཁབ་ཀྱི་ འཁོར་ལམ་དང་ ལྷག་པར་དུ་ ཐིམ་ཕུག་བཟུམ་མའི་ ཁྲོམ་སྡེའི་ནང་འཁོད་ འཁོར་ལམ་ཚུ་ གནས་སྟངས་སྐྱོ་དྲགས་ཡོད་མི་དེ་གིས་ དཔལ་འབྱོར་གོང་འཕེལ་ལུ་ གནོད་སྐྱོན་དང་ དབུལ་ཕོངས་ཀྱི་གནས་སྟངས་ ཧེང་སྐལ་ར་ སྐྱོ་དྲགས་ལུ་ འགྱུར་ནི་གི་ ལྷན་ཐབས་འབད་བའི་ མངོའ་གསལ་བྱུངམ་མས།
འཁོར་ལམ་ཚུ་ ཧ་ཀ་ཧོ་ཀ་དང་ སྤོག་ཏོ་རྫོགས་ནི་མེདཔ་ཅིག་ ཡོད་མི་དེ་གིས་ དང་པ་ལུ་ སྣུམ་འཁོར་ཐང་ཐིག་ཅིག་གུ་ འགྲུལ་སྐྱོད་འབད་ནི་ལུ་ སྟབས་མ་བདེཝ་བཟོཝ་མ་ཚད་ སྐུ་ཆེནམོ་དང་ ཞལ་འཛོམས་ཚུ་གི་དོན་ལུ་དང་ སློབ་གྲྭ་ཚུ་ནང་ དུས་ཚོད་ཁར་ ལྷོད་དགོ་མི་ བྲེལ་ཚབས་ཅན་ཚུ་ལུ་ཡང་ ཐོ་ཕོགཔ་ཨིན་མས།
གནས་སྟངས་ལེགས་ཤོམ་མེད་པའི་ ལམ་བདའ་སྟེ་ སྣུམ་འཁོར་འགྲོ་འགྲུལ་འབདཝ་ད་ བཀག་འཕྲུལ་དང་ འཛིན་འཕྲུལ་ཚུ་ ལན་ཐེངས་ག་དེམ་ཅིག་ ཨེབ་དགོ་པས་ག་ སྣུམ་འཁོར་བཏང་མི་ ག་ར་གིས་ ཤེས་ས་ལུ་ཨིན། བཀག་འཕྲུལ་དང་ འཛིན་འཕྲུལ་ཚུ་ ཨེབ་བྱ་མང་བའི་བསྒང་ལས་ འཕྲུལ་ཆས་ཀྱི་ ཡན་ལག་དེ་ལུ་ བྱེམ་ག་དེམ་ཅིག་ ཕོགཔ་ཨིན་ན་དང་ དེ་སྦེ་ བྱེམ་ཕོགཔ་ད་ར་ འཕྲུལ་ཆས་ག་རའི་ཐུབ་ཚད་ལུ་གནོདཔ་ཨིན།
འཕྲུལ་ཆས་ཡན་ལག་ཚུ་ ཟད་པའི་བསྒང་ལས་ ཅ་ལ་དེ་ མ་སོར་བར་ སྣུམ་འཁོར་གཏང་མི་བཏུབ། ཡན་ལག་ཅ་ཆས་སོར་བའི་བསྒང་ལསནི་ རྒྱལ་ཁབ་ནང་ ནང་འདྲེན་འབད་ཡོད་པའི་ སྣུམ་འཁོར་ཚུ་གི་ གནས་གོང་མཐོ་དྲགས་འབདཝ་ལས་ སྣུམ་འཁོར་འཆང་སྤྱོད་འབད་མི་ འབྲུག་མི་ངོ་རྐྱང་དང་ གཞུང་གཉིས་ཆ་རའི་ དཔལ་འབྱོར་གྱི་ གནས་ཚད་ལུ་གནོདཔ་ཨིན།
མ་གཞི་ ཐིམ་ཁྲོམ་གྱི་མངའ་ཁོངས་ སེམས་རྟོགས་ཁ་ལས་ ལུང་བསྟན་ཕུག་བརྒྱུད་དེ་ ལུང་བསྟན་ཟམ་པ་ཚུན་ཚོད་ཀྱི་ འཁོར་ལམ་དང་ ལྕང་བང་གྲུ་ལས་ ལུང་བསྟན་ཟམ་པ་ཚུན་ཚོད་ཀྱི་ འཁོར་ལམ་གྱི་ གནས་སྟངས་ལུ་ བལྟ་བ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་ འཁོར་ལམ་དེ་ཚུ་ལས་ འགྲོ་འགྲུལ་འབད་དགོ་པའི་ དུས་ཚོད་ཅིག་ རྩ་ལས་མ་བྱུངམ་བཟུམ་ཅིག་སྦེ་ མཐོངམ་མས།
དེ་མ་ཚད་ འབྲེལ་ཡོད་དབང་འཛིན་པ་ཚུ་ དུས་རྒྱུན་གཞུང་འཁོར་ནང་ འགྲུལ་སྐྱོད་འབད་བཞུགསཔ་ལས་ ཁོང་ར་ངོ་རྐྱང་ལུ་ སྣུམ་འཁོར་བཅོ་ཁ་རྐྱབ་པའི་ ཟད་འགྲོ་དང་ ཡན་ལག་ཅ་ཆས་ གསརཔ་ཉོ་བཙུགས་དགོ་པའི་ ཚ་གྱང་ཚུ་ མེད་ནི་དེ་གིས་ འོང་ནི་དང་ ཡང་ཅིན་ ས་ཁོངས་དེ་ནང་གི་ མི་སེར་དང་ཁྱིམ་པ་ སྣུམ་འཁོར་ཇོ་བདག་ཚུ་གིས་ ས་ཁྲལ་གུང་ཁྲལ་དང་ སྒེར་འཁོར་གྱི་ཁྲལ་ཚུ་ དུས་ཚོད་ཁར་མ་བཏབ་ལས་ སྣང་མེད་ཐོག་ བཞགཔ་མེན་ན་ཟེར་བའི་ འཆར་སྣང་ཚུ་ཡང་ བྱུངམ་ཨིན་མས།
འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མར་ ཨོ་ལ་ཁའི་འཁོར་ལམ་བདའ་སྟེ་ ཁས་བླངས་པ་སྡེ་ཚན་ཅིག་གིས་ ལམ་ཧ་ཀ་ཧོ་ཀ་ཚུ་ བསུབ་དོ་ཡོད་པའི་ གནས་ཚུལ་གོཝ་ལས་ ཐབས་ལམ་དེ་ དང་པར་དུ་ ཆོས་ཀྱི་ལམ་སྲོལ་ལས་འབད་རུང་ ཚེ་འདིའི་བར་ཆད་སེལ་ཐབས་དང་ ཕྱི་མའི་དོན་ལུ་ ཚོགས་བསགས་ཀྱི་ ཐབས་ལམ་ཁྱད་པར་ཅན་ཅིག་ཨིནམ་ལས་ ཡིད་ཆེས་ངལ་རངས་སྦོམ་བྱུང་པ་གིས་མ་ཚད་ ཁྲོམ་ལམ་གཞན་ཁ་ལས་ཕར་ཡང་ མགྱོགས་པ་ར་ ཧོ་ཀ་བསུབ་པར་འཐོན་འོང་ཟེར་ རེ་བ་བསྐྱེད་སྡོད་མི་ཡང་ཡོད་རུང་ ད་རེས་ནངས་པར་ ཁས་བླངས་སྡེ་ཚན་དེ་ མིང་རྩམ་ཡང་ གོ་ནི་མེདཔ་ལས་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ཨིན་མས།
ཁྲོམ་སྡེ་དང་ རང་སྡོད་སའི་ ས་ཁོངས་བདའ་སྟེ་ འཁོར་ལམ་ཉམས་བཅོས་དང་ ལེགས་བཅོས་ཀྱི་དོན་ལུ་ ཕྱི་རྒྱལ་ལས་ མ་དངུལ་གྲོགས་རམ་དང་ གཞུང་རྐྱངམ་གཅིག་ལུ་ རེ་མ་སྡོད་པར་ མི་སེར་གྱི་ ཁ་ཐུག་ལས་ ཡར་རྒྱས་གཏང་ནིའི་ ཐབས་ལམ་རེ་ བཏོན་དགོ་པའི་ དུས་ཚོད་ན་འཐན་རན་དོ་བཟུམ་མཐོངམ་མས། དུས་གཏན་ཀྱང་གཞན་ལུ་ རེ་འདོད་ནི་དེ་ ལེགས་ཤོམ་ཅིག་ མེན་མི་འདི་ཡང་ གཞན་ལས་ལེན་བྱ་མང་བའི་བསྒང་ལས་ རང་གི་སྣ་ཐག་གཞན་ལུ་ཤོརཝ་ཨིན།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *