ངང་ལམ་ཁྲོམ་གྱི་འཁོར་ལམ་ ཐོན་ཡོད་པའི་མཐོང་སྣང་།

འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་རུང་ འཕྲལ་མགྱོགས་ར་ ལེགས་བཅོས་འབད་ནི།

༉ པདྨ་དགའ་ཚལ་ ངང་ལམ་ཁྲོམ་གྱི་འཁོར་ལམ་དེ་ གནས་སྟངས་སྐྱོ་དྲགས་ཐལ་ཡོདཔ་ལས་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་རྐྱབ་པའི་སྐབས་ ཧོ་ཀ་ཐོན་ཡོད་མིའི་ནང་ ཆུ་འཁྱིལ་སྡོད་པའི་ཁར་ གནམ་དགུན་ལུ་ ཐལ་ལོང་མི་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་གནོད་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཨིན་རུང་ མགྱོགས་པ་ར་ འཁོར་ལམ་ཉམས་བཅོས་འབད་ནིའི་དོན་ལུ་ རིན་བསྡུར་ཐོག་ལས་ ཁག་འབགཔ་ལུ་ སྤྲོད་ཡོདཔ་བཞིན་དུ་ རྩི་ས་གཏང་ནི་ཨིནམ་ལས་ ད་ལས་ཕར་ ཧེ་མ་བཟུམ་སྦེ་ སྣུམ་འཁོར་རྒྱུན་འགྲུལ་འཐབ་མི་དང་ ཚོང་པ་༢ ཆ་ར་ལུ་ དཀའ་ངལ་དེ་ སེལ་ཐབས་འབད་ཚུགས་ནི་ཨིན་པས།
ཚོང་པ་འཇིགས་མེད་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲོམ་ཁའི་འཁོར་ལམ་དེ་ གདུང་བསམ་རྩི་ས་ལས་འཛིན་ལས་འགོ་བཙུགས་ རྒྱ་གར་དང་ འབྲུག་གི་ས་མཚམས་སྒོ་ར་ཚུན་ གནས་སྟངས་སྐྱོ་དྲགས་སྦེ་ར་ ཐལ་ཡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ནི་ལུ་ དཀའ་ངལ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནས་སྟངས་སྐྱོ་དྲགས་ཐལ་མི་དེ་ཡང་ འཁོར་ལམ་དེ་ཁར་ལས་ དུས་རྒྱུན་དུ་ རྩི་ས་སྐྱེལ་འདྲེན་འབད་མི་ འབྲུག་དང་ རྒྱ་གར་༢ ཆ་རའི་ སྣུམ་འཁོར་ཊཱག་ཚུ་ རྒྱུན་འགྲུལ་འཐབ་མི་ལུ་བརྟེན་ཨིནམ་ད་ སྣུམ་འཁོར་ཆུང་བ་ཚུ་ རྒྱུན་འགྲུལ་འཐབ་པའི་སྐབས་ འོག་ལས་བརྡུང་དོ་ཡོད་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཚོང་པ་གཞན་ཚུ་གིས་ སླབ་མིའི་ནང་ འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཐལ་ཏེ་ ཡུན་རིང་སོང་ཡི་ཟེར་ཨིནམ་ད་ ཚོང་ཁང་མང་ཤོས་ར་ འཁོར་ལམ་གྱི་ ཟུར་ཁར་ཡོདཔ་ལས་ ཉིམ་ཤར་བའི་སྐབས་ ཐལཝ་ལོང་མི་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོདཔ་མ་ཚད་ ཚོང་ཁང་ནང་གི་ ཅ་ཆས་ཚུ་ཡང་ ཐལཝ་གིས་ མེདཔ་བཏངམ་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཆརཔ་རྐྱབ་པའི་སྐབས་ ཧོ་ཀ་ཚུ་ནང་ ཆུ་འཁྱིལ་སྡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ད་ ཆུ་གཏོར་བྱིན་ནི་ལ་སོགས་པའི་ དཀའ་ངལ་ཡོདཔ་ལས་ འཁོར་ལམ་ཉམས་བཅོས་ཀྱི་དོན་ལུ་ ཧེ་མ་ལས་ ཁག་འབགཔ་ལུ་ སྤྲོད་ཡོད་རུང་ ད་ལྟོ་ཡང་ ལཱ་དེ་ འགོ་བཙུགས་ནི་ མིན་འདུག་ཟེར་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཁོ་ར་སྡོད་སར་ གདུང་བསམ་རྩི་ས་ལས་འཛིན་གྱི་ ཉེ་འདབས་ལུ་ ཨིནམ་བཞིན་དུ་ ལཱ་འབད་སར་ དྲུང་ཁག་ནང་ འབད་མི་ལུ་བརྟེན་ དུས་རྒྱུན་དུ་ སྣུམ་འཁོར་བདའ་འགྱོ་དགོཔ་ལས་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་ནི་དེ་གིས་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལཱ་དེ་ ཁག་འབགཔ་ལུ་ སྤྲོད་ཡོད་རུང་ ད་ལྟོའི་བར་ན་ཡང་ འགོ་བཙུགས་མ་ཚུགས་མི་དེ་ འཁོར་ལམ་དེ་ རྩི་ནག་མེན་པར་ རྩི་ས་གཏང་ནི་ཨིནམ་བཞིན་དུ་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ རྩི་སའི་ལཱ་ འབད་མ་བཏུབ་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ འཇིགས་མེད་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ འཁོར་ལམ་བསྡོམས་ཀི་ལོ་མི་ཊར་༡༤ དེ་ཅིག་ཡོད་མི་ལས་ ཀི་ལོ་མི་ཊར་༡.༦༥ གི་ ཉམས་བཅོས་ལཱ་དེ་ ཧེ་མ་ལས་ འགོ་བཙུགས་ནི་ཨིན་རུང་ ཆརཔ་རྐྱབ་པའི་སྐབས་ རྩི་སའི་ལཱ་འབད་ནི་ལུ་ ལཱ་ཁག་ཡོདཔ་ལས་ འགོ་བཙུགས་མ་ཚུགས་ཟེར་ཨིན་རུང་ གནམ་བྱཱར་མཇུག་བསྡུཝ་ཅིག་ འགོ་བཙུགས་འོང་ཟེར་ཨིནམ་ད་ དེ་གི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༣༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རུང་ འཁོར་ལམ་ཀི་ལོ་མི་ཊར་༤ ལྷགཔ་ཅིག་གི་དོན་ལུ་ དངུལ་ཀྲམ་ས་ཡ་༤༠ དེ་ཅིག་ཡོདཔ་ལས་ དེ་གི་དོན་ལས་ ཟླཝ་༢ དེ་ཅིག་གི་རྒྱབ་ལས་ རིན་བསྡུར་འབད་ནི་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༨ དང་༢༠༡༩ དེ་ཅིག་ལས་ འཁོར་ལམ་ག་ར་ རྩི་ནག་གཏང་ཚར་འོང་ཟེར་ ཨིན་པའི་གནས་ཚུལ།

ངང་ལམ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *