ཟླཝ་འདི་ནང་ ཕུངམ་༥ ཆུ་ནང་ལས་བཏོན་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༧ གྱི་ཉིན་མར་ ཐིམ་ཕུག་བརྒྱ་འཁོར་གླིང་ག་གི་ སྦོ་ལོགས་ཁར་ ཝང་ཆུ་ནང་ལས་ རྩེདམ་རྩེད་སྡོད་མི་ ན་གཞོན་སྡེ་ཚན་ཅིག་གིས་ ངོ་མ་ཤེས་མི་གི་ཕུངམ་ཅིག་ བཏོན་ཡོདཔ་ལས་ ད་ལྟོ་ ཐིམ་ཕུག་གཙོ་བསྟེན་སྨན་ཁང་གི་ ཉེ་འདབས་ལུ་ རོ་ཁང་ནང་ བཞག་སྟེ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་མི་དང་འཁྲིལཝ་ད་ བརྒྱ་འཁོར་གླིང་ག་ལས་ ན་གཞོན་ཚུ་ལས་ སྙན་ཞུ་ཐོབ་ཅིག་ ཁྲིམས་སྲུང་འགག་པ་ཚུ་ དེ་འཕྲོ་ལས་ ས་གནས་ནང་སོང་སྟེ་ ཕུངམ་དེ་ སྨན་ཁང་ནང་ འབག་སོང་ཡི་ཟེར་ཨིན་པས།
ཚེ་འདས་དེ་ ངོས་འཛིན་འབད་ནི་གི་དོན་ལུ་ ངོ་རྟགས་ག་ཅི་ཡང་མེདཔ་ལས་ ད་ལྟོ་ རོ་ཁང་ནང་བཞག་སྟེ་ ཉིན་གྲངས་༤ ལང་ཡོད་རུང་ ཕུངམ་རྩིས་ལེན་མི་ ག་ཡང་འོང་ནི་མེདཔ་ལས་ ཁྲིམས་སྲུང་འགག་པ་གིས་ ཕུངམ་རྩིས་སྤྲོད་འབད་ནི་དོན་ལུ་ ཕམ་དང་སྤུན་ཆ་ཚུ་ འཚོལ་བའི་བསྒང་འདུག།
ཁྲིམས་སྲུང་འགག་པ་གིས་ ད་རེས་ཀྱི་ ཟླཝ་ནང་ར་ ཆུ་ནང་ལས་ ཕུངམ་༥ ཐོབ་ཡོད་མི་ལས་ ཐིམ་ཆུ་ནང་ལས་ ཕུངམ་༤ དང་ ཧཱ་ཆུ་ནང་ལས་ ཕུངམ་༡ ཐོབ་ནུག།
སྤྱི་ཟླ་༧ པའི་ཚེས་༧ ལུ་ ཐིམ་ཕུག་བར་སྦིས་ས་ལས་ སྐྱེས་ལོ་༧༥ ལང་མི་ ཨ་རྒས་ཅིག་ བྱང་སྟོར་ཤོར་ཡོད་པའི་སྐོར་ མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་འབད་བའི་ཤུལ་ལས་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ ཁ་རི་ཕུ་ ཝང་ཆུ་ནང་ལས་ ཐོབ་ཡོདཔ་ཨིན་པས།
དེ་ཡང་ ཁ་རི་ཕུ་ལས་ མི་༡ ཁོ་རའི་ནོར་བྱང་སྟོར་ཤོར་ཡོད་མི་དེ་ འཚོལ་བར་འགྱོ་བའི་སྐབས་ ཁ་རི་ཕུ་ཆུ་ནང་ མི་༡ གི་ཕུངམ་མཐོང་སྟེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ ཕུངམ་དེ་ བདུན་ཕྲག་གཅིག་གི་ཧེ་མར་ བར་སྦིས་ས་ལུ་ བྱང་ཡོད་མི་ སྐྱེས་ལོ་༧༥ ལང་མི་ ཨ་རྒས་ཨིནམ་སྦེ་ ངོས་འཛིན་འབད་ནུག།
ཁྲིམས་སྲུང་འགག་པ་གིས་ བཤད་མིའི་ནང་ གནམ་བྱཱར་ཆར་ཆུ་གི་ དུས་ཚོད་ཁར་ ཁྲིམས་སྲུང་འགག་པའི་ཁ་ཐུག་ལས་ ཆུ་ནང་རྩལ་རྐྱབ་མི་ ཨ་ལོ་ཚུ་ བདའ་བཏངམ་བཏང་སར་སྡོད་དགོ་པས་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *