ཟླཝ་༣ ལང་ཚུགས་པའི་ བཟའ་འཐུང་གི་རིགས་ཚུ་ མཁོ་སྒྲུབ་འབད་ཡོདཔ།

༉ རྒྱལ་ཁབ་ནང་ ཟླཝ་༣ ལང་ཚུགས་པའི་ བཟའ་འཐུང་གི་རིགས་ཚུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ མཁོ་སྒྲུབ་འབད་ཡོདཔ་བཞིན་དུ་ ནད་ཡམས་ལུ་བརྟེན་ འགྲུལ་སྐྱོད་བཀག་དམ་ ཐེངས་༢ པ་འབད་བའི་སྐབས་ མི་མང་གིས་འབད་རུང་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།

དེ་ཡང་ ཕུན་ཚོགས་གླིང་ལུ་ཡོད་མི་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་ཀྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ གནས་བརྟན་དབང་ཕྱུག་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ དངོས་མཐོང་ལས་རིམ་ནང་ སླབ་ཨིན་པས།

བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ ཡིག་ལྟེ་བའི་ནང་ བཟའ་འཐུང་གི་རིགས་ཚུ་གི་གྲས་ལས་ ཆུམ་དང་ མར་ཁུ་ དེ་ལས་ དཱལ་ཚུ་ གསོག་འཇོག་འབད་ཡོད་པའི་ཁར་ མི་མང་གིས་ཡང་ ཐེངས་དང་པའི་ འགྲུལ་སྐྱོད་བཀག་དམ་ནང་ ཚ་གྱང་ལང་དོ་བཟུམ་སྦེ་ ད་རེས་་ མ་ལང་མི་དེ་ཡང་ ཉམས་མྱོང་དང་ ཧེ་མ་ལས་ མཁོ་སྒྲུབ་འབད་བཞག་མི་ལུ་བརྟེན་ཨིནམ་སྦེ་བཤད་ཅི།

རྫོང་ཁག་༢༠ གི་ སློབ་གྲྭའི་སྤྱི་དོན་ཁང་དང་ རྫོང་ཁག་དང་རྒེད་འོག་གི་ ཞལ་འཛོམས་ཁང་ དེ་ལས་ ལུང་ཕྱོགས་ཀྱི་ འབྲུག་བཟའ་སྤྱོད་ཡིག་ཚང་གི་ ཁང་མིག་ཚུ་ནང་ བཟའ་འཐུང་གི་རིགས་ མེ་ཊིག་ཊཱོན་༢༡,༠༠༠ དེ་ཅིག་ གསོག་འཇོག་འབད་ཡོད་མི་ལས་ བརྒྱ་ཆ་༧༣ དེ་ཅིག་ བཙོང་ཚར་རུང་ ད་ལྟོའི་བར་ན་ཡང་ སྤྱི་དོན་ཁང་ལ་ལོ་ཅིག་ནང་ གསོག་འཇོག་འབད་ཡོད་པའི་ཁར་ ད་རེས་ཀྱི་ འགྲོ་འགྲུལ་བཀག་དམ་ དུས་ཡུན་རིང་སོ་པ་ཅིན་ ད་རུང་ སྤྱི་དོན་ཁང་དང་ ཞལ་འཛོམས་ཁང་ཚུ་ ལག་ལེན་འཐབ་དགོཔ་འབྱུང་འོང་ཟེར་ཨིན་པས།

འགྲོ་འགྲུལ་བཀག་དམ་ཐེངས་དང་པའི་ནང་ བཟའ་འཐུང་རིགས་ཚུ་ ཟླཝ་༦ གི་དོན་ལུ་ ནང་འདྲེན་འབད་ཞིནམ་ལས་ གསོག་འཇོག་འབད་ཡོདཔ་ཨིན་རུང་ ད་རེས་ ཟླཝ་༣ ལང་ཚུགས་པའི་བཟའ་འཐུང་རིགས་ཚུ་ གསོག་འཇོག་འབད་མི་དེ་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་འཁྲིལཝ་ད་ རྒྱ་གར་ལུ་ འགྲུལ་སྐྱོད་བཀག་དམ་དེ་ཅིག་ མེད་ནི་དེ་གིས་ ནང་འདྲེན་འབད་ནི་ལུ་ དཀའ་ངལ་མེད་ཟེར་ཨིན་པས།

ཧེ་མའི་ ཉམས་མྱོང་དང་འཁྲིལཝ་ད་ ཟླཝ་༦ གི་རིང་ གསོག་འཇོག་འབད་བཞག་མི་ཆུམ་དང་ མར་ཁུ་ དེ་ལས་ དཱལ་རིགས་ཚུ་ གནས་ཡུན་རྫོགས་སོཔ་ལས་ སྤུས་ཚད་མེདཔ་ཐལ་ནི་དེ་གིས་ དངུལ་ཀྲམ་ས་ཡ་༤ ལྷགཔ་ཅིག་གནས་པའི་ མར་ཁུ་ཀེ་ཇི་༥༠༠ དང་ དངུལ་ཀྲམ་ས་ཡ་༡ གནས་པའི་ དཱལ་ཀེ་ཇི་༤༠༠ དེ་ལས་ ཆུམ་མེ་ཊིག་ཊཱོན་༢༡,༠༠༠ དེ་ཅིག་ གསོག་འཇོག་འབད་མི་ལས་ མེ་ཊིག་ཊཱོན་༧ དེ་ཅིག་ གྱོང་རྒུད་ཕོག་ཡི་ཟེར་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ བཤད་ཅི།

བསིལ་ལྡན་གསོག་མཛོད་བཟོ་སྐྲུན།

ནང་འཁོད་ཀྱི་ ཚོད་བསྲེ་ཐོན་སྐྱེད་བསྡུ་གསོག་འབད་ནིའི་དོན་ལུ་ རྫོང་ཁག་ཚུ་ནང་ཡང་ ས་ཁོངས་ངོས་འཛིན་འབད་ཡོདཔ་མ་ཚད་ བསྡུ་བསྒྱོམ་འབད་མི་ཚོད་བསྲེ་ཚུ་ སྤུས་ཚད་དང་ལྡནམ་སྦེ་ གསོག་འཇོག་འབད་ནིའི་དོན་ལུ་ རྫོང་ཁག་༣ ནང་ བསིལ་ལྡན་གསོག་མཛོད་ བཟོ་སྐྲུན་འབད་ནིའི་དོན་ལུ་ འཆར་གཞི་བརྩམས་མི་དེ་ གཞུང་ལུ་ ཕུལ་ཏེ་ཡོདཔ་ལས་ གཞུང་གིས་ རྒྱབ་སྐྱོར་མཛད་འབད་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

དུས་ཅི་ ཀེ་བའི་ཐོན་སྐྱེད་ ཕྱིར་བཙོང་འཐབ་པའི་སྐབས་ གོང་ཚད་ལེགས་ཤོམ་ཐོབ་མི་དེ་ བཀོད་ཁྱབ་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱ་གར་ལུ་ ཀེ་བའི་ཐོན་ཤུགས་ ལེགས་ཤོམ་མེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ནང་འཁོད་ཀྱི་ ཀེ་བའི་ཐོན་སྐྱེད་ གསོག་འཇོག་འབད་བཞག་པའི་སྐབས་ ཟད་འགྲོ་གནས་མི་ལུ་བརྟེན་ གོང་ཚད་དངུལ་ཀྲམ་༤༠ ལས་མར་ མི་འགྱོ་ཟེར་ཨིནམ་ད་ གནམ་དགུན་ལུ་ རྒྱ་གར་ལས་ ཀེ་བ་དངུལ་ཀྲམ་༡༠ དང་༡༥ སྦེ་འཐོབ་མི་དེ་ ནང་འདྲེན་འབད་དེ་ བཙོང་ཡོདཔ་ཨིན་རུང་ ད་རེས་ ནང་འདྲེན་འབད་མི་དེ་ཡང་ དངུལ་ཀྲམ་༤༠ དང་༥༠ འི་བར་ན་ སླབ་མི་ལུ་བརྟེན་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་ གསོག་འཇོག་བཞག་ནིའི་དོན་ལུ་ བསིལ་ལྡན་གསོག་མཛོད་རྐྱབ་ནིའི་ འཆར་གཞི་བརྩམ་དགོཔ་ཐོན་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ ཚོད་བསྲེའི་ཐོན་སྐྱེད་ཀྱིས་མ་ཚད་ ཤ་རིགས་དང་ གཞན་ཅ་ཆས་ཚུ་བཞག་ནིའི་དོན་ལུ་ བསིལ་ལྡན་གསོག་མཛོད་ བཟོ་སྐྲུན་འབད་དོ་ཡོད་མི་དེ་ཡང་ གསར་སྤང་རྫོང་ཁག་འོག་གི་ འཇིགས་མེད་གླིང་དང་ དབང་འདུས་རྫོང་ཁག་ དེ་ལས་ བཀྲིས་སྒང་མཁའ་གླིང་ལུ་ མོ་བཏབ་ཀྱི་དོན་ལུ་ཨིན་ཟེར་ གཙོ་འཛིན་གྱིས་ བཤད་ཅི།

དེ་ཡང་ མི་རློབས་དང་ ཚོང་འབྲེལ་གྱི་གོ་སྐབས་ལུ་ དམིགས་གཏད་བསྐྱེད་ཞིནམ་ལས་ བཟོ་སྐྲུན་འབད་དོ་ཟེར་ཨིན་པས།

གཞུང་གིས་ བླམ་བན་ད་ནང་འདྲེན་འབད་ནི་དེ་ བཀག་དམ་འབད་ཡོདཔ་ཨིན་རུང་ སྒོགཔ་ནང་འདྲེན་གྱི་དོན་ལུ་ རྒྱ་གར་གཞུང་དང་ འབྲུག་གཞུང་༢ ཀྱི་བར་ན་ གྲོས་ཐག་བཅད་དོ་བཟུམ་ ལོ་བསྟར་བཞིན་དུ་ མེ་ཊིག་ཊཱོན་༡༥༠ ནང་འདྲེན་འབད་ཆོགཔ་སྦེ་ཡོདཔ་ལས་ གཞུང་གི་བཀའ་རྒྱ་དང་འཁྲིལ་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་ཀྱིས་ ཞབས་ཏོག་ཞུ་དོ་ཟེར་ཨིན་པས།

གཞན་དལ་གཞི་འབད་བ་ཅིན་ ཚོད་བསྲེ་ནང་འདྲེན་གྱི་དོན་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་ཡིག་ཚང་གིས་ བར་འཛུལ་འབད་ནི་མེད་རུང་ ནད་ཡམས་ཀྱི་གནས་སྟངས་ནང་ གཞུང་གི་བཀའ་དང་འཁྲིལ་ ཕྱག་ཞུ་དོ་ཟེར་ཨིནམ་མ་ཚད་ ཕུན་ཚོགས་གླིང་ཁྲོམ་ནང་ཡོད་མི་ བསིལ་ཚོང་རྐྱབ་མི་༡༠༤ དེ་ཅིག་ལུ་ ཚོད་བསྲེ་དང་ བཟའ་འཐུང་རིགས་ཚུ་ བགོ་བཀྲམ་འབད་དོ་ཟེར་ཨིན་པས།

འགོ་དཔོན་དང་འཁྲིལཝ་ད་ ཀེ་བ་དང་ ཚལ་ལུ་ ཚོད་བསྲེའི་ཐོན་སྐྱེད་ཚུ་ ཕྱིར་བཙོང་འཐབ་ནི་ལུ་ དཀའ་ངལ་བྱུང་མི་དེ་ཡང་ ཨ་རྟག་བཟུམ་སྦེ་ མཐུན་ལམ་ཡོད་མི་ ཚོང་པ་དང་ཚུ་དང་འབྲེལ་བ་འཐབ་ཞིནམ་ལས་ དེ་འཕྲོ་ལས་ བཙོང་ནི་ཡོད་རུང་ ད་རེས་ སྤུས་ཚད་བརྟག་དཔྱད་འབད་མི་ གཞི་བཙུགས་འབད་མི་དང་ ཡིག་རིགས་ཚུ་ གྲ་སྒྲིག་འབད་དགོ་མི་ལུ་བརྟེན་ཨིན་ཟེར་ བཤད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *