ཟླ་ངོ་༡༡ དེ་ཅིག་གི་ དངུལ་ཕོགས་སྤྲོད་དགོ་པའི་ཁར་ ཐབ་ཚང་པའི་སྒྲིག་གཡོག་ རང་འཇགས་རྒྱུག་ཆོག་པའི་འཁྲུན་ཆོད།

༉ རྩི་རང་རྫོང་ཁག་ཁྲིམས་འདུན་གྱིས་ ན་ཧིང་ འགྲམ་ཕུག་སློབ་གྲྭའི་ལྟེ་བའི་ ཐབ་ཚངཔ་ཅིག་དང་ སློབ་དབུ་འཛིན་གྱི་བར་ན་ མ་འགྲིགཔ་ཐོན་ཏེ་ ཁྲིམས་ཀྱི་འདུན་སར་ཐུག་པའི་ཤུལ་ལུ་ ཁ་ཙ་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ སློབ་གྲྭའི་བདག་སྐྱོང་གིས་ ཐབ་ཚངཔ་དེ་ རང་འཇགས་བཞག་དགོཔ་སྦེ་ ཨིན་པས།
དེ་ཡང་ ན་ཧིང་ སློབ་གྲྭ་གིས་ སློབ་དཔོན་༧ དང་ ཐབ་ཚངཔ་༣ འབདཝ་ད་ ལས་བྱེདཔ་༡༠ ཕྱི་རྒྱལ་ཐའི་ལེནཌི་ལུ་ སློབ་སྦྱོང་ལྟ་སྐོར་གྱི་དོན་ལུ་ ཁྱིད་འགྱོ་བའི་སྐབས་ སློབ་གྲྭའི་ཐབ་ཚངཔ་ ཧར་ཀ་ བྷ་དུར་ སུ་བྷ་དེ་ ཟ་ཁང་ནང་ལས་ གར་སོང་མེད་པར་ བྱང་སྟོར་ཤོར་བའི་ཤུལ་ལུ་ ལོག་ཐོབ་སྟེ་ སློབ་གྲྭ་ལུ་ རྩིས་སྤྲོད་འབད་རུང་ སློབ་གྲྭའི་ཁ་ཐུག་ལས་ དངུལ་ཕོགས་སྤྲོད་མ་བཏུབ་པའི་ ཉོགས་བཤད་ཐོན་པའི་ཤུལ་ལུ་ ཉམས་རྒུད་པའི་ ནུ་གཅུང་གིས་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནུག།
རྩོད་རྩ་བཱལ་ བྷ་དུར་ སུ་བྷ་གིས་ རྩོད་ཟླ་ཟླ་བ་ཚེ་རིང་གིས་ འགྲམ་ཕུག་སློབ་གྲྭ་ལྟེ་བའི་ ཐབ་ཚངཔ་ཨིན་མི་ ཁོ་གི་ཕོ་རྒནམ་ ཧར་ཀ་ བྷ་དུར་ སུ་བྷ་དེ་ ཕྱི་རྒྱལ་ལུ་ སོ་ནམ་སློབ་དཔོན་ཨིན་ཟེར་ རྫུས་མ་བཟོ་སྟེ་ ཁྱིད་སོང་ཡོད་པའི་ ཉེས་འཛུགས་འབད་མིའི་ཐད་ཁར་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་དང་འཁྲིལ་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ཚེས་༣༠ ལུ་ རྩི་རང་རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ སློབ་སྦྱོང་ལྟ་སྐོར་གྱི་ གནང་བ་གྲོལ་ཡི་ཟེར་ མི་སྟོབས་ཚོགས་ཆུང་གི་ གྲོས་ཆོད་དང་ རྫོང་ཁག་བདག་སྐྱོང་གིས་གནང་མི་ བཀའ་རྒྱ་ནང་ སྤྱི་ལོ་༢༠༡༧ ཟླ་དང་པའི་ཚེས་༡༣ ལུ་ འགྲམ་ཕུག་སློབ་གྲྭ་ལྟེ་བའི་ལས་བྱེདཔ་སློབ་དཔོན་༧ དང་ ཐབ་ཚངཔ་༣ བསྡོམས་ཏེ་ ལས་བྱེདཔ་༡༠ ཕྱི་རྒྱལ་ཐའི་ལེནཌི་ལུ་ སྦྱོང་བརྡར་འབད་བར་གཏང་ནི་ཟེར་མི་དང་ རྫོང་ཁག་བདག་སྐྱོང་གིས་ ཆོག་ཐམ་བཟོ་ནིའི་ འབྲི་ཤོག་བཀང་ཡོད་པའི་ འདྲ་བཤུས་ནང་གསལ་འབད་རུང་ རྩོད་རྩའི་ཕོ་རྒནམ་དེ་ ཐབ་ཚངཔ་སྦེ་ར་ འཁོད་དེ་ཡོདཔ་ལས་ རྩོད་ཟླ་གིས་ ཞུ་བ་ཕུལ་མི་དེ་ ཆ་འཇོག་འབད་ཐབས་མེད་པར་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ བེང་ཀོག་སྨན་ཁང་གི་ གསོ་བའི་བརྟག་དཔྱད་སྙན་ཞུ་དང་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྙན་ཞུ་ དེ་ལས་ འགྲམ་ཕུག་སྨན་ཁང་གི་ སྙན་ཞུ་དང་འཁྲིལཝ་ད་ ཧར་ཀ་ བྷ་དུར་ཁོ་རའི་ གཟུགས་ཁམས་ལུ་ གནོད་འཚེ་བྱུང་ཡོདཔ་ ངེས་བདེན་ཨིན་པའི་ཁར་ ཁོ་ར་སྨན་བཅོས་འབད་བའི་བསྒང་ཨིནམ་ལས་ ངལ་གསོའི་ཞུ་ཡིག་བཙུགས་ཡོད་པའི་ འདྲ་དེ་ནང་ ཁོ་རའི་མིང་རྟགས་ བཀོད་དེ་མེད་རུང་ སློབ་གྲྭ་ལུ་ སྨན་བཅོས་འབད་དེ་ཡོད་པའི་ སྙན་ཞུ་འབད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༣ ལུ་ རྫོང་ཁག་མི་སྟོབས་འགོ་དཔོན་གྱིས་ སྤྱི་ཟླ་༤ པའི་ཚེས་༡༣ ལས་ ཧར་ཀ་ བྷ་དུར་ སུ་བྷ་ཁོ་ར་ སླར་ལོག་སྟེ་ ལཱ་གཡོག་ནང་ འཛུལ་ཞུགས་འབད་ཡོད་པའི་ ཡིག་ཚང་བཀའ་རྒྱ་ཅིག་ཡང་ བཏོན་ཡོད་རུང་ སློབ་གྲྭ་ནང་ སྤྱི་ཟླ་༦ པའི་ཚེས་༢ ལུ་ སློབ་གྲྭའི་འཛིན་སྐྱོང་ཚོགས་ཆུང་གི་ ཞལ་འཛོམས་གནང་པའི་གྲོས་ཆོད་ ཁ་གསལ་བཀོད་མིའི་ནང་ ཧར་ཀུ་བྷ་དུར་ སུ་བྷ་ཁོ་ར་ ནང་གི་བཟའ་ཚང་༢ ཁྱིད་དེ་སློབ་གྲྭ་ནང་ སྙན་ཞུ་འབད་བར་བཅར་ཡོད་རུང་ ནང་མི་བཟའ་ཚང་ག་ར་ཚངམ་སྦེ་ མ་འོངམ་ལས་ ངོས་ལེན་མ་འབད་ཟེར་འཁོད་ནུག།
དེ་དང་འཁྲིལ་རུང་ ཧར་ཀ་བྷ་དུར་ སུ་བྷ་གིས་ རྩོད་ཟླའི་བཀོད་རྒྱ་དང་འཁྲིལ་ སློབ་གྲྭ་ནང་ སྙན་ཞུ་འབད་བར་འོང་ཡོད་པའི་ མངོན་གསལ་བྱུང་ཡོད་པའི་ཁར་ རྩོད་ཟླའི་ཁ་ཐུག་ལས་ ཧར་ཀ་བྷ་དུར་ སུ་བྷ་ཁོ་ར་ ནང་མི་བཟའ་ཚང་འཛོམས་ཐོག་ སློབ་གྲྭ་ལུ་ རྩིས་སྤྲོད་པར་མ་འོང་ཟེར་ ཉོགས་བཀོད་མིའི་ཐད་ཁར་ ཧར་ཀ་ཁོ་ར་ ད་ལྟོ་ ལཱ་གཡོག་ནང་གསརཔ་སྦེ་ འཛུལཝ་མེནམ་མ་ཚད་ སྔོན་ལས་སློབ་གྲྭའི་ཐབ་ཚངཔ་སྦེ་ ལཱ་འབད་མི་ཅིག་ཨིན་པའི་ཁར་ ཁོ་ར་གཞུང་དོན་ལྟ་སྐོར་སོང་པའི་སྐབས་ དེ་བཟུམ་མའི་རྐྱེན་བར་ཆད་ལས་བརྟེན་ ནདཔ་ཐོན་ཡོདཔ་ངེས་བདེན་ཨིནམ་མ་ཚད་ ལོ་ན་མ་སྨིན་པའི་ ཨ་ལོ་མེནམ་ལས་ ལོག་འཛུལ་བའི་སྐབས་ བཟའ་ཚང་ནང་མི་ལུ་ རྩིས་སྤྲོད་ལེན་འབད་དགོ་ཟེར་མི་དེ་ ཁྲིམས་ཀྱི་ལྟར་སྣང་ལུ་ རྒྱུ་མཚན་ལྡན་པའི་ གནས་ཚིག་མེནམ་ལས་ སྨན་བཅོས་དང་ ངལ་གསོའི་སྐོར་ལས་ སློབ་གྲྭའི་བདག་སྐྱོང་ལུ་ སྙན་ཞུ་འབད་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ཧར་ཀ་ལུ་ སྤྱི་ཟླ་༢ པའི་ཚེས་༨ ལས་ ཟླ་༤ པའི་ཚེས་༡༣ ཚུན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བཅའ་ཡིག་དང་སྒྲིག་གཞི་༢༠༡༧ ཅན་མའི་དོན་ཚན་༡༠.༩.༤ དང་འཁྲིལ་ སྨན་བཅོས་ཀྱི་དོན་ལུ་ ངལ་གསོ་ནང་ དངུལ་ཕོགས་ཀྱི་ ཐོབ་ལམ་ཡོདཔ་ལས་ འགྲམ་ཕུག་སློབ་གྲྭ་ལྟེ་བའི་ བདག་སྐྱོང་གི་ཁ་ཐུག་ལས་ སྨན་བཅོས་ཀྱི་ངལ་གསོའི་སྐབས་ མ་སྤྲོད་པར་བཞག་མི་ དངུལ་ཕོགས་དེ་ འཁྲུད་ཆོད་གནང་པའི་ཉིནམ་ལས་ འགོ་བཙུགས་ཏེ་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ སྤྲོད་དགོ་པའི་འཁྲུན་ཆོད་གནང་ནུག།
ཧར་ཀ་ བྷ་དུར་དེ་ ལཱ་གཡོག་ནང་ལས་ བཏོན་བཏང་ཡོད་པའི་ སྒྲུབ་བྱེད་མེད་དེ་འབད་རུང་ རྩོད་ཟླ་ ཧར་ཀ་ལུ་ སྤྱི་ལོ་༢༠༡༧ ཟླ་༣ པ་ལས་འགོ་བཙུགས་ཏེ་ དངུལ་ཕོགས་མ་སྤྲོད་པར་བཞག་ཡོདཔ་ ངེས་བདེན་ཨིན་ཟེར་ ཞུ་ནུག།
ཁྲིམས་ཀྱི་འདུན་ས་ལས་ ཞིབ་དཔྱད་འབད་བའི་སྐབས་ ཧར་ཀ་ལུ་ སྤྱི་ཟླ་༤ པའི་ཚེས་༡༣ ལུ་ ལཱ་གཡོག་ནང་ ལོག་འཛུལ་ཞུགས་འབད་ཡོད་རུང་ རྩོད་ཟླ་གིས་ རྫོང་ཁག་ཤེས་རིག་འགོ་དཔོན་གཙོ་འཛིན་ལུ་ ཧར་ཀ་གི་ ནང་མི་བཟའ་ཚང་ཚུ་གིས་ ཉོགས་བཤད་བཀོད་པའི་སྐོར་ལས་དང་ འཕྲོ་མཐུད་ལཱ་གཡོག་ནང་བཞག་པ་ཅིན་ སྟབས་མ་བདེཝ་འཐོན་ནི་ཨིན་པའི་སྐོར་ སྙན་ཞུ་འབད་དེ་ ལཱ་གཡོག་ནང་ མ་བཞག་ནི་དེ་གིས་ ངོམ་ཧར་ཀ་ཁོ་རའི་ ནུ་གཅུང་བརྒྱུད་དེ་ ཁོ་རའི་དངུལ་ཕོགས་མ་ཐོབ་པའི་སྐོར་ སྐྱབས་མགོན་འཚོལ་ཏེ་ སྤྱི་ཟླ་༧ པའི་ཚེས་༤ ལུ་ རྩོད་གཞི་ཁྲིམས་ཀྱི་འདུན་སར་ཕུལ་ཏེ་ ད་ཚུན་ རྩོད་ཉོགས་དབྱེ་དཔྱད་འབད་དེ་ལུས་ཡོདཔ་མ་གཏོགས་ ཧར་ཀ་གིས་ ལཱ་གཡོག་ནང་མ་འགྱོ་བར་ སྡོད་སྡོདཔ་མེན་པས་ཟེར་ཨིན་པས།
ཧར་ཀ་གིས་ རྩོད་གཞི་སྐབས་ གཡོག་ནང་ལས་ མཚམས་བཀག་བཞག་པའི་དུས་ལུ་ དངུལ་ཕོགས་བརྒྱ་ཆ་༥༠ འཚོ་སྐྱོང་གི་འཐུས་ཐོབ་དགོཔ་ཡོད་རུང་ རྩོད་ཟླའི་ཁ་ཐུག་ལས་ མ་སྤྲོད་པར་བཞག་ཡོད་པའི་ཁར་ ཁོ་ར་སློབ་གྲྭ་ནང་ ལཱ་གཡོག་མ་འབད་རུང་ རྩོད་གཞི་ཕྱེ་བའི་ནམ་དུས་ལུ་ ཟད་འགྲོ་དང་ སེམས་སྡུག་དཀའ་ངལ་བྱུངམ་རང་བཞིན་ཨིནམ་ལས་ དྲང་བདེན་དང་ འདྲ་མཉམ་བཟང་པོའི་དྲན་ཤེས་ཀྱི་ རྣམ་གཞག་སྐོར་ལས་ ཁྲིམས་འདུན་གྱི་ ཚབས་ལྕི་དང་ ཉམས་ཆག་རྒུད་འཐུས་སྦེ་ འགྲམ་ཕུག་སློབ་གྲྭ་ལྟེ་བའི་ བདག་སྐྱོང་གི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ཟླ་༥ པ་ལས་འགོ་བཟུང་ ཁྲིམས་ཀྱི་འདུན་ས་ལས་ རྩོད་གཞི་ཕྱེ་སྟེ་ ལུས་པའི་དུས་ཚོད་ སྤྱི་ལོ་༢༠༡༧ ཟླ་༡༢ པ་ཚུན་ ཟླ་རིམ་དངུལ་ཕོགས་རྩིས་རྐྱབ་སྟེ་ ཧར་ཀ་ལུ་ ལྷག་ཆད་མེད་པར་ སྤྲོད་དགོཔ་ཨིན་པས།
སྤྱི་ལོ་༢༠༡༨ ཟླ་༡ པ་ལས་འགོ་བཟུང་ སྔར་བཞིན་དུ་ ལཱ་གཡོག་ནང་ རང་འཇགས་བཞག་དགོ་པའི་ འཁྲུན་ཆོད་བཏོན་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *