བརྩོན་འགྲུས་ཆོས་སྒྲོན་གྱིས་ རྒྱུ་ཟྭོ་ཆག་གི་ ཐགས་འཐག་པའི་བསྒང་།

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།

ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ ཨམ་སྲུ་༡༣ གྱིས་ ཟྭོ་ཆག་གི་ ཐགས་ལཱ་འབད་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༥༨ ལང་མི་ བརྩོན་འགྲུས་ཆོས་སྒྲོན་གྱིས་ སྤྱི་ལོ་༢༠༠༥ ཚུན་ སྤང་ཐགས་རེ་ འཐག་སྡོད་ཡོདཔ་ད་ སྤྱི་ལོ་༢༠༠༥ ལུ་ ཏཱ་ར་ཡ་ན་གིས་ ཁོང་ལུ་ ཟྭོ་ཆག་གི་སྐུདཔ་འཁལ་ཏེ་ ཐགས་འཐག་ནིའི་ སྦྱོང་བརྡར་བྱིན་ཞིནམ་ལས་ཚུར་ མི་ལོ་བཅུ་ཕྲག་༢ དེ་ཅིག་ ཐགས་འཐག་ཡོདཔ་ཨིན་པས།

རྒྱུ་ཟྭོ་ཆག་གིས་འཐགས་མི་ ཟོང་ཆ་ཚུ་ ཏཱ་ར་ཡ་ན་ལུ་ བཙོང་དོ་ཡོདཔ་ད་ དེ་ལུ་བརྟེན་ ཨམ་སྲུ་ཚུ་ལུ་ འོང་འབབ་ལེགས་ཤོམ་བཟོ་ཡོདཔ་ཨིན་རུང་ ནད་ཡམས་ལུ་བརྟེན་ ཚོང་ལཱ་གཞན་བཟུམ་སྦེ་ ཟྭོ་ཆག་གི་ ཟོང་ཆ་ཚུ་ བཙོང་མ་ཚུགས་པར་ ཡོདཔ་ཨིན་པས།

བརྩོན་འགྲུས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཟྭོ་ཆག་འཐག་ནི་དེ་ ཐགས་གཞན་ཚུ་དང་ཕྱདཔ་ད་ ལཱ་ཁག་འདུག་ཟེར་ཨིནམ་ད་ དེ་ཡང་ ཟྭོ་ཆག་གི་སྐུདཔ་དེ་ ཐགས་འཐག་ཆོགཔ་སྦེ་ བཙོང་མི་མེདཔ་ལས་ ཚལ་མ་ནང་ལས་ འཐུ་དགོ་ནི་དེ་གིས་ཨིན་ཟེར་ ཨིན་པས།

ཟྭོ་ཆག་དེ་ ཟླཝ་༩ པ་དང་༡༠ པའི་ནང་ འཐུ་བར་འགྱོ་དགོཔ་ད་ དང་པ་ གཡུས་ཀྱི་ཉེ་འདབས་ལུ་ ཟྭོ་ཆག་མི་ཐོབ་དོ་ཡོདཔ་ལས་ ཉིནམ་༡ གི་ས་ཁར་ལས་ འཐུ་དགོཔ་ཨིན་པས།

ཟྭོ་ཆག་འཐུ་ས་ལུ་ ལྷོད་ཞིནམ་ལས་ ཟྭོ་ཆག་བཏོགས་ཏེ་ པགས་ཀོ་བཤུབ་ནི་དང་ ཁྱིམ་ནང་ལྷོདཔ་ད་ བཙོ་ཞིནམ་ལས་བརྡུངས་ཏེ་ སྐམ་པའི་ཁར་ བལ་བཟུམ་སྦེ་ སྐུདཔ་འཁལ་ཏེ་ ཚོས་རྐྱབ་དོ་ཡོདཔ་ཨིན་པས།

ན་ཧིང་ཚུན་ ཁོང་གིས་ཐགས་མི་ ཟོང་ཆ་ཚུ་ ཏཱ་ར་ཡ་ན་ལུ་བཙོང་ཡོདཔ་ད་ ནད་ཡམས་ཀྱིས་སྦེ་ ཟོང་ཆ་ཚུ་ བཙོང་མ་ཚུགསཔ་ལས་ མང་ཤོས་ཅིག་གིས་ ཐགས་འཐག་ནི་དེ་ བཤོལ་བཞག་ཞིནམ་ལས་ འོང་འབབ་བཟོ་ནིའི་དོན་ལུ་ སོ་ནམ་གྱི་ལཱ་ཚུ་ འབད་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ན་གཞོན་གོང་འཕེལ་ལྟེ་བ་གི་ མི་ངོམ་༡༢ ལུ་ རང་བཞིན་གྱིས་ ཚོས་རྐྱབ་ནིའི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ནད་ཡམས་མ་ཐོན་ཚུན་ ཐགས་འཐག་མི་ཚུ་གི་ ཟོང་ཆ་ཚུ་ ཚོང་འབྲེལ་འགྲེམས་སྟོན་སྐབས་ལུ་ བཙོང་དོ་ཡོདཔ་ད་ བརྩོན་འགྲུས་ཆོས་སྒྲོན་གྱིས་ ལོ་རེ་ནང་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ དང་༢༠༠,༠༠༠ དེ་རེ་ བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ད་རེས་ ནད་ཡམས་ལུ་བརྟེན་ ཟོང་ཆ་ཚུ་ བཙོང་མ་ཚུགསཔ་ལས་ ཐགས་འཐག་ནི་ཡང་ གནས་སྐབས་ཅིག་ བཀོག་བཞག་ནུག།

ཟྭོ་ཆག་གི་ ཟོང་ཆ་ཚུ་ གཞུང་གི་འགོ་དཔོན་ཚུ་ གཞུང་དོན་ལུ་ ཕྱི་རྒྱལ་ལྟ་སྐོར་འགྱོ་བའི་སྐབས་ ཁྱོསམ་འབག་ནིའི་དོན་ལུ་དང་ མགྲོན་ཁང་སྦོམ་ ཨ་མཱན་ཀོ་ར་ཚུ་གིས་ མཁོ་མངགས་འབད་དོ་ཡོདཔ་ཨིན་པས།

ཟྭོ་ཆག་གི་ གདན་ཁེབས་དང་ ཕད་ཅུང་ རྫ་གདན་ ཁྲི་ཁེབས་ དེ་ལས་ གཞན་མཁོ་མངགས་དང་འཁྲིལ་ འཐག་དོ་ཡོདཔ་ཨིན་པས།

ས་གནས་ཀྱི་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ཟྭོ་ཆག་གི་ ཟོང་ཆ་འཐག་ནི་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ལས་ མ་འོངས་པ་ལུ་ ཉམས་མི་འགྱོ་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།

མི་ཅིག་གིས་ སླབ་མིའི་ནང་ ཟྭོ་ཆག་གི་ ཟོང་ཆ་འཐག་ནི་དེ་ ལཱ་ཁག་ཡོདཔ་ལས་ སྤྲོ་བ་མི་བསྐྱེད་པས་ཟེར་ཨིན་པས།

ན་གཞོན་ཚུ་གི་དོན་ལུ་ ཐགས་ཁང་ཅིག་བཟོ་ཞིནམ་ལས་ ལཱ་གཡོག་བཟུམ་སྦེ་ འཐག་བཅུག་པ་ཅིན་ སྤྲོ་བ་བསྐྱེད་ནི་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།

འཆི་མེད་ཀྱིས་ སླབ་མིའི་ནང་ ཐགས་འཐག་ནི་ལུ་ གདོང་ལེན་ཆེ་ཤོས་ར་ ཟྭོ་ཆག་མ་ཐོབ་མི་དེ་ ཨིན་ཟེར་ཨིནམ་ད་ མོ་གིས་ ཐགས་ཡོད་པའི་ཟོང་ཆ་ཚུ་ཡང་ ནད་ཡམས་ལུ་བརྟེན་ བཙོང་མ་ཚུགས་ཟེར་ཨིནམ་ད་ ད་ལས་ཕར་ ནད་ཡམས་ཀྱི་གནས་སྟངས་དེ་ ལེགས་ཤོམ་མ་འགྱོ་ཚུན་ དུས་ཚོད་འཐོབ་པའི་སྐབས་ དུམ་གྲ་རེ་འཐག་ནི་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *