གསར་སྤང་རྫོང་ཁག་ནང་ སྐྱེས་ལོ་༣༠ ལང་མི་ སྐལ་བཟང་ཆོས་སྒྲོན་དེ་ སྨན་ཁབ་བཙུགས་མི་ དང་པ་ཨིན་པས།

ཟུར་བཞག་མི་ཚུ་ རང་འགྱོ་སའི་ ས་ཁོངས་ནང་ སྨན་ཁབ་བཙུགས་ནི།

༉ གསར་སྤང་རྫོང་ཁག་ནང་ ད་ལྟོ་ ཉིན་གྲངས་༧ གྱི་རིང་ ཟུར་བཞག་མི་ཚུ་ རང་འགྱོ་སའི་ ས་ཁོངས་ནང་སྦེ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ཚུ་ བཙུགས་ནི་ཨིན་པས།

ད་རེས་ སྨན་ཁབ་བཙུགས་པའི་བསྒང་ཡོདཔ་ལས་ རྫོང་ཁག་ཚུ་གི་བར་ན་ འགྲོ་འགྲུལ་བཀག་ཆ་འབད་ཡོདཔ་ཨིན་རུང་ སྨན་ཁབ་བཙུགས་ཚར་མི་ཚུ་ འབད་བ་ཅིན་ ཟུར་བཞག་ནང་ ཉིན་གྲངས་༧ གི་ ཟུར་བཞག་དུས་ཡུན་ ཚང་པའི་ཤུལ་ལས་ འགྲོ་འགྲུལ་འབད་བཅུག་འོང་ཟེར་ རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ བཤདཔ་ཨིན་པས།

ད་ལྟོ་ དགེ་ལེགས་ཕུག་ལུ་ ཟུར་བཞག་ནང་སྡོད་མི་ ཕོ་སྐྱེས་༡༩༩ དང་ ཨམ་སྲུ་༡༢༩ འབདཝ་ད་ མི་གྲངས་༣༠༠ ཡོད་མི་ཚུ་ཡང་ དྲུང་ཁག་གི་ ཕྱི་ཁར་འགྱོ་མི་ཨིན་པས།

ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ རྫོང་ཁག་དེ་ནང་གི་ སློབ་གྲྭ་དང་ རྒེད་འོག་ཁང་མིག་ གསོ་བའི་གཞི་རྟེན་མཁོ་ཆས་ དེ་ལས་ སྨན་ཁང་ཚུ་ སྨན་ཁབ་བཙུགས་སའི་ ས་ཁོངས་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

རྫོང་ཁག་དེ་ནང་ སྨན་ཁབ་བཙུགས་སའི་ ས་ཁོངས་བསྡོམས་༤༥ ཡོདཔ་ད་ བདུན་ཕྲག་༡ གི་རིང་ སྨན་ཁབ་བཙུགས་ནིའི་ ལས་རིམ་དེ་ནང་ གསོ་བའི་མཁས་མཆོག་༡༥༠ གིས་ གྲལ་གཏོགས་འབད་དེ་ཡོདཔ་ཨིན་པས།

སྨན་ཁབ་བཙུགས་མི་༢༤,༠༠༠ གྱིས་ ཐོ་བཀོད་འབད་ས་ལས་ བརྒྱ་ཆ་༩༠ གིས་ སྨན་ཁབ་བཙུགས་ནི་ཟེར་ཨིན་རུང་༢༢༣ མི་བཙུགས་ཟེར་ སླབ་སྟེ་ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ ཉིནམ་དང་པའི་ནང་ མི་༦,༠༠༠ དེ་ཅིག་གིས་ སྨན་ཁབ་བཙུགས་ནུག།

གསར་སྤང་རྫོང་ཁག་ནང་ ལོ་རྟགས་བཟང་མི་ ཟ་མ་སྤྲེལ་ལོ་མ་ སྐལ་བཟང་ཆོས་སྒྲོན་དེ་ སྨན་ཁབ་བཙུགས་མི་ དང་པ་ཨིནམ་ད་ མོ་ར་ སྐྱེས་ལོ་༣༠ ལང་ཡོདཔ་ལས་ ཁབ་འགོ་དང་པ་ བཙུགས་ནི་སྦེ་ ཁས་བླངས་འབད་ཡོདཔ་ཨིན་པས།

སྐལ་བཟང་ཆོས་སྒྲོན་དེ་ བདེ་སྲུངཔ་ཨིནམ་མ་ཚད་ དགེ་ལེགས་ཕུག་ཁྲོམ་སྡེའི་ འགོ་དཔོན་ཅིག་ཨིནམ་ད་  མོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ སྨན་ཁབ་འགོ་བཙུགས་ནིའི་དོན་ལུ་ གནམ་ལོ་སྤྲེལ་ལོ་ནང་སྐྱེས་མི་ ཨམ་སྲུ་ཅིག་ གདམ་ཁ་རྐྱབ་འོང་ཟེར་ ལོ་རྒྱུས་གོ་བའི་ཤུལ་ལུ་ མོ་ར་ གྲ་སྒྲིག་སྦེ་ སྡོད་ཡོདཔ་བཞིན་དུ་ སྨན་ཁབ་བཙུགསཔ་ད་ ཉེན་སྲུང་ཡོད་པའི་ཁར་ སྨན་ཁབ་གཞན་དང་ དབྱེ་བ་ག་ནི་ཡང་མིན་འདུག་ཟེར་ཨིན་པས།

དགེ་ལེགས་ཕུག་དབུས་ཕྱོགས་གཙོ་བསྟེན་སྨན་ཁང་ལྟེ་བའི་སྡེ་འཛིན་ ཌོག་ཊར་རྡོ་རྗེ་ཚེ་རིང་གིས་ སྨན་ཁབ་མི་བཙུགས་ཟེར་ ཐོ་བཀོད་འབད་ཡོད་མི་ཚུ་ཡང་ མང་ཤོས་ར་ ཨ་ལོ་ལུ་ ཨོམ་བྱིན་མི་དང་ ཨ་ལོ་སྐྱེ་ནི་ཡོད་པའི་ཨམ་སྲུ་ དེ་ལས་ ཧེ་མ་ལས་ ནད་གཞི་ཡོད་མི་ཚུ་ཨིན་པས་ཟེར་ བཤདཔ་ཨིན་མས།

དེ་བཟུམ་སྦེ་ ལ་ལོ་ཅིག་གིས་ སྨན་ཁབ་དེ་ བཙུགས་ཚར་བའི་ཤུལ་ལུ་ ཆང་གི་རིགས་ཚུ་ འཐུང་མ་བཏུབ་སྦེ་ གོ་ཡོདཔ་ཨིན་རུང་ ཌོག་ཊར་རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ སྨན་ཁབ་དེ་ བཙུགས་ཚར་བའི་ཤུལ་ལུ་ བཞེས་སྒོ་ཚུ་ ཁ་སྲུང་འབད་དགོ་པའི་སྐོར་ ཞིབ་འཚོལ་འབད་འབདཝ་ མེད་ཟེར་ཨིན་པས།

ལ་ལོ་ཅིག་གིས་ སྨན་ཁབ་ཀྱི་དོན་ལུ་ ས་ཁོངས་སོ་སོ་ཚུ་ནང་ ཐོ་བཀོད་འབད་ཡོདཔ་ལས་ ད་ལྟོ་ སྡོད་སའི་ནང་ སྨན་ཁབ་འཐོབ་ག་ཟེར་བའི་ དོགས་པ་བསྐྱེད་དོ་ཡོདཔ་ཨིན་རུང་ ཌོག་ཊཪ་གྱིས་འབད་བ་ཅིན་ ཐོ་བཀོད་ཚུ་ ས་གནས་གཞན་ཁར་ འབད་ཡོད་རུང་ ད་ལྟོ་ རང་སྡོད་སའི་ ས་ཁོངས་ནང་ལས་ འཐོབ་ཚུགས་ཟེར་ཨིན་པས།

དེ་ལས་ གཞལམ་སྒང་རྫོང་ཁག་ནང་ སྨན་ཁབ་ཀྱི་དོན་ལུ་ མི་༡༡,༠༠༠ གྱིས་ ཐོ་བཀོད་འབད་ཡོདཔ་ད་ སྨན་ཁབ་འབད་བ་ཅིན་ ཐུན་ཚད་༡༡,༢༦༠ ཐོབ་ཡོད་པའི་གནས་ཚུལ།

སྐད་སྐྱུར་ ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *